ཨ་མི་རི་ཀས་སྐྱབས་བཅོལ་བ་ལེན་འཆར་ལ་འགྱུར་བ་འགྲོ་སྲིད་པ།


2015.11.17
ཨ་རིའི་ཕོ་བྲང་དཀར་པོ་དང་སྐོར་སྲུང་ཉེན་རྟོག་པ། ༢༠༡༥།༡༡ ཨ་རིའི་ཕོ་བྲང་དཀར་པོ་དང་སྐོར་སྲུང་ཉེན་རྟོག་པ། ༢༠༡༥།༡༡
ཀླུ་འབུམ/RFA

ཕྷ་རན་སིའི་རྒྱལ་སར་འཇིགས་སྐུལ་གཏོར་རྒོལ་བྱུང་བ་དང་ཨ་མི་རི་ཀས་སི་རི་ཡ་ནས་སྐྱབས་བཅོལ་བ་ལེན་འཆར་ལ་འགྱུར་བ་འགྲོ་སྲིད་པ།
དེ་ཡང་ཕྷ་རན་སིའི་རྒྱལ་ས་པེ་རི་སི་རུ་འཇིགས་སྐུལ་དྲག་སྤྱོད་པས་གཏོར་རྒོལ་ཚབས་ཆེ་བྱུང་རྗེས། ཨ་མི་རི་ཀ་གཞུང་གིས་དམག་འཐབ་ཀྱི་དཀའ་སྡུག་མྱོང་བཞིན་པ་ནས་གཡོལ་ཐབས་བྱེད་བཞིན་པའི་སི་རི་ཡའི་སྐྱབས་བཅོལ་བ་མི་གྲངས་ཆིག་ཁྲི་ཙམ་ཨ་རིའི་ནང་ལེན་རྒྱུའི་འཆར་གཞིར་འགྱུར་བ་འགྲོ་སྲིད་པ་ཡིན་འདུག
ཨ་མི་རི་ཀའི་གྲོས་ཚོགས་ཀྱི་སྤྱི་མཐུན་ཚོགས་པའི་འཐུས་མི་ཁག་གཅིག་གིས་སི་རི་ཡའི་སྐྱབས་བཅོལ་བའི་ཁོངས་སུ་འཇིགས་སྐུལ་དྲག་སྤྱོད་པ་སིམ་འཛུལ་བྱེད་སྲིད་པའི་ཉེན་ཁ་ཡོད་པར་བརྟེན། སི་རི་ཡའི་སྐྱབས་བཅོལ་བ་ཨ་མི་རི་ཀའི་ནང་ལེན་རྒྱུའི་འཆར་གཞི་ཕྱིར་འཐེན་བྱ་དགོས་སྐོར་བརྗོད་རྗེས། གཟའ་ཟླ་བའི་ཉིན་ཨ་མི་རི་ཀའི་མངའ་སྡེ་ལྔ་བཅུ་ཐམ་པ་ཡོད་ཁོངས་ནས་ཕྱེད་ཀ་ཙམ་གྱིས་མངའ་སྡེ་དེ་དག་གི་ནང་སི་རི་ཡའི་སྐྱབས་བཅོལ་བ་གཞིས་ཆགས་སུ་ལེན་རྒྱུ་མིན་ལུགས་བརྗོད་འདུག
ཨ་མི་རི་ཀའི་སྲིད་འཛིན་བྷཱ་རཀ་ཨོ་བྷཱ་མ་མཆོག་གིས་ཆོས་ལུགས་ཀྱི་མིང་ཐོག་ནས་དོན་དངོས་དཀའ་སྡུག་མྱོང་བཞིན་པའི་མི་ཚོར་སྐྱབས་བཅོལ་མི་སྤྲོད་རྒྱུའི་ཐག་གཅོད་དེ་ནི་ངོ་ཚ་དགོས་པ་ཞིག་ཡིན་པ་གསུངས་འདུག
འོན་ཀྱང་སྤྱི་མཐུན་ཚོགས་པས་བཟུང་བའི་ཨ་མི་རི་ཀའི་མངའ་སྡེ་ཉི་ཤུ་རྩ་གཉིས་དང་ཕྱི་ལོ་༢༠༡༦ལོའི་སྲིད་འཛིན་གྱི་འོས་མིར་ལངས་མཁན་སྤྱི་མཐུན་ཚོགས་པའི་མི་སྣ། གྲོས་ཚོགས་ཀྱི་གནད་ཡོད་འཐུས་མི་སོགས་ནས་༢༠༡༦ལོར་ཨ་མི་རི་ཀའི་མངའ་སྡེ་འདྲ་མིན་གྱི་ནང་ཆ་བགོས་ཀྱི་ཐོག་ནས་སི་རི་ཡའི་སྐྱབས་བཅོལ་བ་མི་གྲངས་ཆིག་ཁྲི་ཙམ་ལེན་རྒྱུའི་འཆར་གཞི་ཕྱིར་འཐེན་བྱ་དགོས་པ་འབོད་སྐུལ་ཤུགས་ཆེ་བྱེད་བཞིན་པར་མ་ཟད། མངའ་སྡེ་དེ་དག་གི་སྲིད་སྐྱོང་གིས་རང་ཉིད་ཀྱི་མངའ་སྡེའི་ནང་སི་རི་ཡའི་སྐྱབས་བཅོལ་བ་ཡོང་རྒྱུ་མཐའ་གཅིག་ཏུ་བཀག་འགོག་བྱ་རྒྱུ་ཡིན་ལུགས་ཤུགས་ཆེ་བརྗོད་བཞིན་ཡོད་པ་རེད།
ཉེ་ཆར་པེ་རིསི་ནང་འཇིགས་སྐུལ་དྲག་སྤྱོད་པས་གཏོར་རྒོལ་བྱ་མཁན་གྱི་ཁོངས་ནས་མི་གཅིག་སི་རི་ཡ་ནས་སྐྱབས་བཅོལ་བ་སྟོང་ཚོ་མང་པོ་འབྱོར་བའི་ཁོངས་སུ་སིམ་འཛུལ་བྱས་ཡོད་པ་ཤེས་རྟོགས་བྱུང་རྗེས། ཡོ་རོབ་ཡུལ་གྲུ་ཁག་གིས་ཀྱང་ད་ཆ་སི་རི་ཡའི་སྐྱབས་བཅོལ་བ་ལེན་ཕྱོགས་ཐད་བགྲོ་གླེང་གསར་པ་ཞིག་བྱེད་རྒྱུ་ངེས་པ་གནད་དོན་དབྱེ་ཞིབ་པ་ཚོས་ཡིད་ཆེས་བྱེད་བཞིན་ཡོད་འདུག

གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎