རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱིས་བོད་དང་རྒྱ་གར་གྱི་ས་མཚམས་སུ་གཟིགས་སྐོར།


2020.08.17
རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱིས་བོད་དང་རྒྱ་གར་གྱི་ས་མཚམས་སུ་གཟིགས་སྐོར་སྐབས། ༢༠༢༠།༨།༡༤ རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱིས་བོད་དང་རྒྱ་གར་གྱི་ས་མཚམས་སུ་གཟིགས་སྐོར་སྐབས། ༢༠༢༠།༨།༡༤
དྲ་བཤུས།CNR

རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ཡག་པོ་ཡོང་གི་མེད་པའི་སྐབས་འདིར་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱིས་བོད་དང་རྒྱ་གར་གྱི་ས་མཚམས་སུ་གཟིགས་སྐོར་བྱས་འདུག
རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་ཡིས་འདི་ཚེས་༡༤་རེས་གཟའ་པ་སངས་ཉིན། བོད་དང་རྒྱ་གར་གྱི་ས་མཚམས་སུ་གཟིགས་སྐོར་དང་མཉམ་བོད་ནང་གཟིགས་སྐོར་དུ་བསྐྱོད་ཡོད་པ་དང་། དེ་ནི་རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་བར་ས་མཚམས་སུ་འཁོན་འཁྲུག་ཤོར་ནས་ཟླ་བ་གསུམ་ཙམ་ཕྱིན་ཡང་ད་དུང་ཡང་རྩོད་རྙོག་སེལ་ཐབས་ཀྱི་གྲོས་མོལ་ལ་མཇུག་འབྲས་ཕྲན་བུ་ལས་མ་བྱུང་བའི་སྐབས་སུ་ཡིན་པ་རེད།
རྒྱ་ནག་ཕྱི་སྲིད་ལས་ཁུངས་ནས་རེས་གཟའ་སྤེན་པའི་ཉིན་སྤེལ་བའི་སྤྱི་བསྒྲགས་ནང་། རྒྱ་གར་ཞེས་མིང་འདོན་བྱས་མེད་ཀྱང་སྤྱི་བསྒྲགས་དེའི་ནང་ཕྱི་སྲིད་བློན་ཆེན་ཝང་ཡི་ཡི་བོད་ནང་གི་གཟིགས་སྐོར་དེ་ནི་རྒྱུན་ལྡན་དང་མི་འདྲ་བ་ཞིག་དང་རྣམ་འགྱུར་མཚོན་དོན་ཞིག་ཡིན་ལུགས་བརྗོད་ཡོད་འདུག འདས་པའི་ཟླ་བ་གསུམ་ནང་རྒྱ་དཀར་ནག་གཉིས་ཀྱི་དམག་དཔོན་བར་ས་མཚམས་གྲོས་མོལ་ཐེངས་ལྔ་ཙམ་གནང་ཡང་མཇུག་འབྲས་དེ་ཙམ་མ་ཐོན་པའི་ཁར་ ཡུལ་གྲུ་གཉིས་དབར་ཚོང་འབྲེལ་དང་། འཕྲུལ་རིག མ་འཛུགས་བྱ་ཕྱོགས་དང་། ས་བབ་ཆགས་ཚུལ་གྱི་ཐོག་ནས་སྲིད་བྱུས་འཛིན་སྟངས་སོགས་ཀྱི་ཐོག་རྩོད་རྙོག་ཆེ་རུ་ཕྱིན་ཡོད་པ་རེད།
རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་ནི། རྒྱ་གར་མཉམ་ས་མཚམས་རྩོད་རྙོག་སེལ་ཐབས་སུ་གྲོས་མོལ་བྱ་མཁན་རྒྱ་ནག་གི་དམིགས་བསལ་སྐུ་ཚབ་ཞིག་ཡིན་པ་དང་། ཁོང་གིས་བོད་ཀྱི་ཞི་བདེ་ལྷིང་འཇགས་ནི་རྒྱ་ནག་གི་ཡར་རྒྱས་ཆེད་ཧ་ཅང་གལ་ཆེ་ཞིག་ཡིན་ལུགས་བཤད་ཡོད་པ་རེད། དེའི་ཐད་རེས་གཟའ་སྤེན་པ་ཉིན་སྤེལ་བའི་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་སྤྱི་བསྒྲགས་དེའི་ནང་དུའང་རྒྱལ་སྤྱིའི་ནང་དེ་སྔ་བྱུང་མྱོང་མེད་པའི་ཀོ་ཝིཌ་༡༩་ཏོག་དབྱིབས་ནད་འབུའི་ནད་ཡམས་ལ་གདོང་ལེན་བྱས་པའི་རྗེས། བོད་ཀྱི་ས་གནས་དཔོན་རིགས་ཚོས་རྒྱལ་ཁབ་ཀྱི་བདེ་སྲུང་སྲུང་སྐྱོབ་བྱ་དགོས་པའི་ནན་སྐུལ་བྱས་ཡོད་འདུག
ཕྱི་སྲིད་བློན་ཆེན་ཝང་བོད་ནང་གཟིགས་སྐོར་དུ་ཕྱིན་པའི་གནས་ཚུལ་དེ་ནི། རྒྱ་གར་གྱི་སྲིད་བློན་(Narendra Modi)་མཆོག་གིས་རྒྱ་གར་རང་བཙན་ཉིན་མོ་གསུངས་བཤད་གནང་བའི་ནང་རྒྱལ་ཁབ་ཀྱི་སྲུང་སྐྱོབ་ཆེད་ས་མཚམས་སུ་ནུས་སྟོབས་ལྡན་པའི་རྒྱ་གར་གྱི་དམག་མི་ས་ཡ་གཅིག་དང་ཚེག་བཞི་ཙམ་འགྲེམས་འཇོག་བྱ་རྒྱུའི་ཞལ་བཞེས་གནང་བའི་ཉིན་གཅིག་གི་སྔོན་དུ་བྱུང་བའི་གནས་ཚུལ་ཞིག་རེད།
ཡང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་བོད་དང་རྒྱ་གར་གྱི་ས་མཚམས་སུ་ཕྱིན་པ་དེ་ནི། མི་ལོ་༥༠་ལྷག་གི་རྗེས་ལ་དྭགས་ཀྱི་(Galwan)་ལུང་གཤོང་དུ། རྒྱ་གར་དང་རྒྱ་ནག་གི་ས་སྲུང་དམག་མིའི་བར་འཁོན་འཛིང་ཤུགས་ཆེ་ཤོར་ནས། རྒྱ་གར་གྱི་དམག་མི་མང་པོའི་ཚེ་སྲོག་ཤོར་བའི་རྗེས། རྒྱ་ནག་གི་དཔོན་རིགས་མཐོ་གྲས་ཤིག་ཁུལ་དེར་ཕྱོགས་བསྐྱོད་ཕྱིན་པ་ད་ལན་ཐོག་མ་དེ་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎