བོད་ནང་བརྟན་བརླིང་དང་མཐུན་སྒྲིལ་ནན་བརྗོད་བྱེད་བཞིན་པ་དེ་༸གོང་ས་མཆོག་ལ་དད་མོས་ཉམས་ཉེས་སུ་གཏོང་ཐུབ་མེད་པས་ཡིན་པ། ཉམས་ཞིབ་པས་བརྗོད་སོང་།

ཕྱི་ཟླ་༧ཚེས་༢༥ནས་༢༧ཉིན། རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་ཡོངས་ཆབ་སྲིད་གྲོས་ཀྱི་ཚོགས་གཙོ་ཝང་ཧུའུ་ནིང་ཟེར་བས་གློ་བུར་གསང་སྟབས་ངང། བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་དུ་ལྟ་སྐོར་དང་འབྲེལ་བོད་ནང་བརྟན་བརླིང་དང་མཐའ་མཚམས་སྲུང་སྐྱོབ། མི་རིགས་མཐུན་སྒྲིལ་དང་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོབ་དགོས་པ་ནན་བརྗོད་དང་། ཉིན་དེ་དག་རིང་ལྷ་ས་གྲོང་ཁྱེར་ནང་ཉེན་རྟོག་པ་འགྲེམས་འཇོག་དང་། ཝང་ཧུའུ་ནིང་འགྲོ་སྐྱོད་བྱེད་སའི་ས་གནས་ཁག་ཏུ་མི་མང་གི་འགྲོ་འདུག་ལ་ཚོད་འཛིན་དང་། ཚོང་ཁང་དང་ཟ་ཁང་སོགས་སྒོ་བརྒྱབ་བཅུག་པའི་དམ་དྲགས་བྱས་ཡོད་པ། བོད་ནང་གི་འབྲེལ་ཡོད་བོད་མི་ཞིག་ནས་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་གཞུང་འབྲེལ་གསར་ལམ་བོད་ལྗོངས་ཉིན་རེའི་ཚོགས་པར་སྟེང་། ཐེངས་འདིར་ཝང་ཧུའུ་ནིང་བོད་ལ་ཡོང་དོན་བོད་ཀྱི་ལས་དོན་ལ་རྟོགས་ཞིབ་ཆེད་ཡིན་པ་དང་། ཁོས་བོད་ཀྱི་རྒྱལ་ས་ལྷ་སའི་ཕོ་བྲང་པོ་ཏ་ལ་དང་།གཙུག་ལག་ཁང་། བར་སྐོར།ཀླུ་སྒུག་སྡེ་ཁུལ་སོགས་སུ་ལྟ་སྐོར་བྱས་ཏེ། བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པར་ངེས་པར་དུ་བློ་བརྟན་འགྱུར་མེད་ངང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་ལག་བསྟར་དགོས་སྐོར་བརྗོད་ཡོད་པ་དང་། རྒྱ་གར་གྱི་རྟོག་ཞིབ་ཐེབས་རྩ་ཁང་གི་རྒྱ་ནག་ཐད་ཀྱི་ཉམས་ཞིབ་པ་(Kalpit Mankikar)་ལགས་ནས། རྒྱ་ནག་གཞུང་གིས་བོད་ནང་བརྟན་བརླིང་དང་མཐའ་མཚམས་སྲུང་སྐྱོབ་དགོས་པ་ནན་བརྗོད་བྱེད་བཞིན་པའི་རྒྱུ་རྐྱེན་གཙོ་བོ།འདས་པའི་ལོ་༧༠་ལྷག་རིང་བོད་ནང་གི་བོད་མི་ཚོས་༧གོང་ས་མཆོག་ལ་དད་མོས་དང་ཤུགས་རྐྱེན་དེ་རྒྱ་ནག་གཞུང་གིས་ཉམས་ཉེས་སུ་གཏོང་ཐུབ་མེད་པས་ཡིན་པ་ཡིག་ཐོག་བརྒྱུད་འགྲེལ་བརྗོད་གནང་སོང་།
ཝང་ཧུའུ་ནིང་ནི་རྒྱ་ནག་དམར་ཤོག་ཚོགས་པའི་བོད་ཀྱི་ལས་དོན་ཐོག་འགན་འཁུར་བྱེད་མཁན་གཙོ་གྲས་ཤིག་ཡིན་པ་རེད་ལ། ཁོས་ཐེངས་འདིར་བོད་ནང་ལྟ་སྐོར་དང་འབྲེལ་ཉིང་ཁྲི་སྨན་གླིང་གྲོང་ཁྱེར་ཤེལ་དཀར་གྲོང་ཚོ་དང་། བྲག་ཡིབ་ཆུས་ཀ་ལ་གྲོང་ཚོ་སོགས་སོང་སྟེ་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་དགོས་སྐོར་དང་། དེ་བཞིན་ལྷ་ས་རུ་བོད་མི་ཏང་ཡོན་རྒན་གྲས་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་དང་། ལྷ་སར་ཡོད་པའི་རྒྱ་ནག་རྒྱལ་ཡོངས་སྲིད་གྲོས་མི་སྣ་དང་། བོད་རང་སྐྱོང་ལྗོངས་སྲིད་གྲོས་མི་སྣ་དང་འཐབ་ཕྱོགས་གཅིག་གྱུར་ལས་བྱེད་ཚོར་ཐུག་འཕྲད་བྱས་ཏེ། བོད་ནང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ། མི་རིགས་ཁག་གི་མང་ཚོགས་ཀྱིས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས།ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་མོས་སེམས་ཆེ་རུ་གཏོང་དགོས་པ་སོགས་བརྗོད་ཡོད་འདུག་ལ། བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ནས། རྒྱ་ནག་དབུས་གཞུང་གི་མགོ་ཁྲིད་ཚོ་བོད་ནང་ཡོང་སྐབས་དུས་རྒྱུན་བོད་ནང་བརྟན་བརླིང་བཤད་བཞིན་པ་དེ། རྒྱ་ནག་གི་དྲིལ་བསྒྲགས་ཁག་གིས་བོད་མི་ཚོའི་བསམ་བློར་འགྱུར་བཅོས་གང་ཡང་གཏོང་ཐུབ་ཀྱི་མེད་པ་མངོན་གསལ་ཆགས་ཀྱི་ཡོད་པ་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་གཞུང་གིས་རྒྱལ་ཡོངས་སྲིད་ཚོགས་གཙོ་དེ་བོད་ཀྱི་ལས་དོན་སྒང་ལ་དམིགས་བསལ་ལྟ་རྟོགས་བྱེད་མཁན་ཡིན་པ་དང་། དེ་སྔ་རྒྱ་ནག་གི་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་གཙོ་ཝང་དབྱང་ཟེར་བའི་སྐབས་སུ། བོད་ནང་ཐེངས་མང་ཡོང་སྟེ་བོད་ནང་བརྟན་བརླིང་ཡོང་བར་མཐའ་གཅིག་ཏུ་ཁ་བྲལ་ལ་འཐབ་རྩོདདང་། བོད་འདི་ཡུན་རིང་བརྟན་ལྷིང་ངང་གནས་ཐུབ་པའི་རྨང་གཞི་གཏིང་དགོས་པ་ནན་བརྗོད་དང་། བོད་ཀྱི་དགོན་སྡེ་སེ་ར་དང་འབྲང་སྤུངས། དེ་བཞིན་གསེར་རྟ་བླ་རུང་སྒར་སོགས་སུ་ཕྱིན་ནས། བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་ཐབས་དང་དགེ་འདུན་པ་ཚོས་རྒྱ་ནག་དམར་ཤོག་ཚོགས་པར་སྲིད་ཞུ་བསྒྲུབས་དགོས་པ་སོགས་བཤད་ཡོད་པ་རེད།
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།