བོད་ནང་དམར་ཤོག་གཞུང་གི་སྲིད་བྱུས་དོན་འཁྱོལ་བྱ་དགོས་པ་རྒྱ་ནག་དབུས་ཆབ་སྲིད་རྒྱུན་ལས་ཝང་ཧུ་ནིང་གིས་ནན་སྐུལ་བྱས་འདུག

2023.07.29
བོད་ནང་དམར་ཤོག་གཞུང་གི་སྲིད་བྱུས་དོན་འཁྱོལ་བྱ་དགོས་པ་རྒྱ་ནག་དབུས་ཆབ་སྲིད་རྒྱུན་ལས་ཝང་ཧུ་ནིང་གིས་ནན་སྐུལ་བྱས་འདུག
ཨེ་པི།

རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ཅུ་ཡི་རྒྱུན་ལས་དང་རྒྱ་ནག་རྒྱལ་ཡོངས་མི་མང་འཐུས་མིའི་ཚོགས་འདུའི་ཚོགས་གཙོ་ Wang Hu-Ning (ཝང་ཧུ་ནིང་) གིས། དུས་རབས་གསར་པའི་དམར་ཤོག་ཚོགས་པའི་བོད་འཛིན་སྐྱོང་བྱེད་ཕྱོགས་བློ་བརྟན་འགྱུར་མེད་ཀྱིས་ལག་བསྟར་བྱས་ནས་བོད་དང་འབྲེལ་བའི་ལས་དོན་རྣམས་ཡང་དག་པའི་ལམ་བུའི་ཐོག་བསྐྱོད་དེ་འཕེལ་རྒྱས་ཀྱི་ཕྱོགས་སུ་བསྐྱོད་པར་རྒྱུན་འཁྱོངས་བྱ་དགོས་ཞེས་ནན་བརྗོད་བྱས་ཡོད་པ་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ལས་ཁང་གིས་ལུང་འདྲེན་བྱས་ཏེ་གནས་ཚུལ་སྤེལ་འདུག འདི་ནི་ཝང་གིས་ཕྱི་ཟླ་ ༧ ཚེས་ ༢༥ ནས་ཚེས་ ༢༧ བར་བོད་ནང་རྟོག་ཞིབ་བྱས་པའི་སྐབས་སུ་གཏམ་བཤད་འདི་སྤེལ་བ་ཞིག་ཡིན་པ་རེད།
ཝང་གིས་ད་དུང་། རྒྱ་ནག་རྒྱལ་ཁབ་ཀྱི་མི་རིགས་ཐུན་མོང་གི་འདུ་ཤེས་བརྟན་པོར་འཛུགས་རྒྱུའི་ལས་འགན་གཙོ་བོར་བཟུང་ནས་བོད་ལྗོངས་བརྟན་ལྷིང་དང་། འཕེལ་རྒྱས་ལ་སྐུལ་འདེད། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད། བོད་ལྗོངས་མཐའ་མཚམས་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཅས་བྱ་དགོས་ཞེས་བརྗོད་པ་དང་། ཡང་ཝང་གིས། བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཁབ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་གཙོ་བོར་བཟུང་ནས་མི་རིགས་སོ་སོའི་དབར་འབྲེལ་འདྲིས་ལ་སྐུལ་འདེད་བྱ་དགོས་ལུགས་སོགས་ཀྱང་གཏམ་བཤད་སྤེལ་འདུག
གནས་ཚུལ་འདི་ལས་བོད་ནང་མུ་མཐུད་དྲག་གནོན་ཅན་གྱི་སྲིད་ཇུས་ལག་བསྟར་བྱ་རྒྱུ་དང་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་བའི་བྱ་ཐབས་འཛིན་བཞིན་ཡོད་པ་གསལ་པོར་བསྟན་ཡོད་ཅེས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བསོད་ནམས་ཚེ་རིང་ལགས་ཀྱིས་ཕྱི་ཟླ་ ༧ ཚེས་ ༢༩ ཉིན་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་བྱུང་།
དེ་ཡང་བསོད་ནམས་ལགས་ཀྱིས་གསུངས་དོན། རྒྱ་ནག་གཞུང་གིས་དམ་དྲག་གི་སྲིད་ཇུས་ལག་བསྟར་བྱས་ཏེ་བོད་ནང་བརྟན་ལྷིང་ཡོང་ཐབས་བྱེད་ཀྱི་ཡོད་ལ། ད་དུང་བོད་ནང་ཡར་རྒྱས་གཏོང་དགོས་ཞེས་བརྗོད་དེ་རྒྱ་ནག་རང་ཉིད་ཀྱི་དཔལ་འབྱོར་གྱི་ཁེ་ཕན་ཆེད་བོད་ནང་འཛུགས་སྐྲུན་ལས་གཞི་ཁག་མང་པོ་ཞིག་སྤེལ་བཞིན་ཡོད་པ་རེད་ཅེས་དང་། རྒྱ་ནག་གིས་འདི་དང་འདི་འདྲ་བའི་བྱ་ཐབས་བེད་སྤྱོད་བཏང་སྟེ་བོད་ནང་ཡར་རྒྱས་གཏོང་གི་ཡོད་ཅེས་ཕྱི་མི་ཚོར་སྣང་བ་འཁྲུལ་ཐབས་བྱེད་བཞིན་ཡོད་པས། ང་ཚོས་དེ་དག་གི་ཁ་གཏད་དུ་འཛམ་གླིང་ཡོངས་སུ་བདེན་པ་ར་སྤྲོད་བྱེད་སླད་ཚོགས་པ་སྒྲིག་འཛུགས་ཁག་གིས་སྔར་ལས་ལྷག་པའི་ལས་འགུལ་སྤེལ་དགོས་ཞེས་གསུངས་བྱུང་།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ནི་བཙན་བྱོལ་བོད་མིའི་ཁྲོད་ཆོལ་ཁ་དང་ཆོས་རྒྱུད་དབྱེར་མེད་ཀྱི་གཞུང་འབྲེལ་མིན་པའི་ཆབ་སྲིད་ཚོགས་པ་ཆེ་ཤོས་གཅིག་ཡིན་པ་རེད།
དྲུང་ཆེ་བསོད་ནམས་ཚེ་རིང་ལགས་ཀྱིས་མུ་མཐུད། རྒྱ་ནག་གཞུང་གིས་དེང་སྐབས་ཁ་ཁུ་སིམ་པོའི་ངང་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་བཅས་པ་རྩ་མེད་གཏོང་བའི་སྲིད་ཇུས་རིགས་རྩོམ་བཞིན་ཡོད་པ་མ་ཟད། RAND ཞེས་པའི་ཁེ་མེད་ཉམས་ཞིབ་ཁང་གི་ཡོ་རོབ་ཡན་ལག་ཁང་གིས་ཉིན་ཤས་གོང་བཏོན་པའི་ཞིབ་འཇུག་གི་སྙན་ཐོ་རྒྱས་པོ་ཞིག་གི་ནང་། བོད་རང་སྐྱོང་ལྗོངས་ཟེར་བའི་མངའ་ཁོངས་སུ་བཙོན་ཁང་དང་བཀག་ཉར་ཁང་། བསམ་བློ་སློབ་གསོའི་ལྟེ་གནས་ཁང་སོགས་ ༧༩ ཡོད་པ་དེ་དག་གི་ནང་དུ་ཟུང་སྐར་ནས་ཨ་རིའི་བར་གནམ་འཕྲུལ་རིག་བསྟི་གནས་ཁང་ NASA ཡིས་པར་ལེན་བྱེད་སྐབས་མཚན་མོ་གློག་འོད་ཐོག་ནས་བཙོན་ཁང་དང་བཀག་ཉར་ཁང་འདི་དག་ཡོད་སར་གློག་འོད་ལ་རྟོག་ཞིབ་བརྒྱུད་ནས་རྒྱ་སྐྱེད་བྱེད་ཀྱི་ཡོད་པའི་སྣང་ཚུལ་བྱུང་པའི་སྐོར་ཐེར་འདོན་བྱས་ཡོད་པ་ལུང་འདྲེན་གྱིས། དེ་དང་དེ་མཚུངས་ང་ཚོས་མདོ་དབུས་ཁམས་གསུམ་ཡོངས་ཀྱི་གནས་སྟངས་གང་འདྲ་ཡོད་མེད་ཐེར་འདོན་བྱེད་ཐུབ་པ་ཞིག་བྱ་དགོས་ཞེས་གསུང་བྱུང་།
གསར་འགོད་པ། རྡོ་རྗེ་མཚོ། ལྷུན་འགྲུབ་ཚེ་རིང་། སྐལ་བཟང་སྒྲོལ་མ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎