འཕྲོད་བསྟེན་ལྷན་ཁང་གིས་ཐ་མག་ཚོང་མཁན་ཚོར་འབོད་སྐུལ།
2009.05.30
༄༅༎འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གིས་ཐ་མག་ཚོང་མཁན་གྱི་ཚོང་ལས་པ་ཚོས་ངེས་པར་དུ་ཐ་མག་གི་སྒམ་ཆུང་སྟེང་རྡོ་ཐག་གིས་མིའི་བདེ་ཐང་ལ་གནོད་འཚེ་བཟོ་གི་ཡོད་པའི་སྐོར་འདྲ་པར་དང་འགྲེལ་བརྗོད་མཉམ་དུ་བྲིས་ཏེ་ཐ་མག་འཐེན་མཁན་གྱིས་མཐོང་ཐུབ་པ་དང་ཤེས་རྟོགས་ཐུབ་པ་བཟོ་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད།
དེ་རིང་སུད་སི་གྲོང་ཁྱེར་ཇི་ནི་ལྦ་དུ་རྟེན་གཞི་བྱས་པའི་འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གིས་འཛམ་གླིང་གི་རྒྱལ་ཁབ་ཁག་གི་སྲིད་གཞུང་ལ་མི་དམངས་ཚོར་ཐ་མག་འཐེན་པས་གཟུགས་པོའི་འཕྲོད་བསྟེན་ལ་ཇི་ཙམ་གནོད་འཚེ་བཟོ་གི་ཡོད་པའི་སྐོར་ངེས་པར་གོ་རྟོགས་སྤེལ་དགོས་པ་དང་ད་དུང་ཡང་རྒྱལ་ཁབ་མང་པོ་ཞིག་གིས་ཐ་མག་གི་སྒམ་ཆུང་སྟེང་ཐ་མག་གི་རྡོ་ཐག་གིས་ལུས་ལ་ན་ཚ་གང་ཞིག་གི་སློང་རྐྱེན་བྱེད་ཀྱི་ཡོད་མེད་དང་གཟུགས་པོའི་འཕྲོད་བསྟེན་ལ་གནོད་འཚེ་བཟོ་གི་ཡོད་པའི་ཉེན་ཁའི་རང་བཞིན་རྣམས་བྲིས་ཀྱི་མེད་པའི་སྐྱོན་བརྗོད་གནང་ཡོད་པ་རེད། འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གི་མཐོ་རིམ་དཔོན་རིགས་ཨ་ལ་ཨལ་ལྦན་ཞུ་བས་གསུངས་པར་ཐ་མག་གི་རྡོ་ཐག་གིས་མིའི་བདེ་ཐང་ལ་གནོད་འཚེ་བཟོ་གི་ཡོད་པའི་སྐོར་གྱི་གནས་ཚུལ་ཐ་མག་གི་སྒམ་ཆུང་སྟེང་བྲིས་རྒྱུར་དཀའ་ངལ་ཆེན་པོ་གང་ཡང་མིན།གལ་ཏེ་རྒྱལ་ཁབ་སོ་སོའི་གཞུང་གིས་འགན་འཁུར་ལེན་ཏེ་ཐ་མག་གི་སྒམ་ཆུང་སྟེང་ཉེན་ཁའི་རང་བཞིན་དེ་རྣམས་བྲིས་པ་དེའི་ཐོག་ནས་མི་དམངས་མང་པོ་ཞིག་ལ་གོ་རྟོགས་སེལ་ཐུབ་པ་དང་ཐ་མག་འཐེན་མཁན་ཉུང་དུ་འགྲོ་བའི་ནུས་པ་འདོན་རྒྱུ་མ་ཟད་མི་དམངས་མང་པོ་ཞིག་དུས་མིན་ཚེ་སྲོག་གི་གནོད་འཚེ་ལས་སྐྱོབ་ཐུབ་པའི་ཕན་ཐོག་ཡོང་རྒྱུ་ཡིན་ཞིང་དཔེར་ན་ཨེ་ཤེ་ཡའི་རྒྱལ་ཁབ་ནང་ནས་རྒྱ་ནག་ལྟ་བུའི་ནང་ཞིབ་འཇུག་བྱས་པ་བརྒྱུད་ཐ་མག་གིས་སྙིང་གི་ན་ཚ་བཟོ་གི་ཡོད་པའི་ཉེན་ཁ་ཤེས་མཁན་དང་ཐ་མག་གིས་སྙིང་རྩ་འགག་པའི་ན་ཚའི་སློང་རྐྱེན་བྱེད་ཀྱི་ཡོད་པའི་སྐོར་ཤེས་རྟོགས་ཡོད་མཁན་ཐ་མག་འཐེན་མཁན་གྱི་མི་འབོར་ནས་བརྒྱ་ཆ་ཧ་ཅང་གི་ཉུང་ཉུང་ལས་མེད་པ་ཤེས་རྟོགས་བྱུང་ཡོད་པའི་སྐོར་གསུངས་ཡོད་པ་རེད།།