ཉི་ཧོང་ནང་གི་ལྦེཏ་ནམ་མི་སེར་གྱིས་རྒྱ་ནག་ལ་ངོ་རྒོལ་བྱས།
2011.06.25
༄༅༎ལྦེཏ་ནམ་མི་སེར་ཁག་གཅིག་གིས་དེ་རིང་ཉེ་ཧོང་གི་གྲོང་ཁྱེར་ཊོ་ཀྱོའི་ནང་རྒྱ་ནག་ལ་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་འདུག།
ཊོཀྱོ་ནང་གནས་སྡོད་བྱེད་བཞིན་པ་ལྦེཏ་ནམ་གྱི་མི་སེར་ཉི་བརྒྱ་སྐོར་ཞིག་གིས་རྒྱ་ནག་དང་ལྦེཏ་ནམ་དབར་ལྷོ་རྒྱ་ནག་གི་རྒྱ་མཚོའི་ནང་གི་མཚོ་གླིང་གི་བདག་དབང་ཐད་རྩོད་གཞི་ཡོད་པའི་གནད་དོན་ཐད་རྒྱ་ནག་གཞུང་ལ་ངོ་རྒོལ་མཚོན་ཆེད་ཉེ་ཧོང་གི་རྒྱལ་ས་ཊོཀྱོའི་ནང་ངོ་རྒོལ་རྔམ་སྟོན་ཁྲོམས་བསྐོར་ཞིག་བྱས་འདུག།
ངོ་རྒོལ་བ་དེ་དག་མང་ཆེ་བ་གཞོན་སྐྱེས་ཡིན་ཞིང་ ཁོང་ཚོས་རྒྱ་ནག་ལ་ལྦེཏ་ནམ་གྱི་ཉ་པ་གསོད་རྒྱུ་མཚམས་འཇོག་དགོས་ཞེས་སོགས་ཀྱི་འབོད་ཚིགས་བསྒྲགས་པ་དང་ཁོང་ཚོ་ཊོཀྱོ་གྲོང་ཁྱེར་གྱི་ཁྲོམས་གཞུང་ལྟེ་བའི་ཁུལ་དུ་ཀི་ལོ་མི་ཊར་འགའ་ཤས་རིང་རྔམ་སྟོན་བྱས་ཡོད་ཀྱང་ རྒྱ་ནག་གཞུང་ཚབ་ཀྱི་ཉེ་འགྲམ་དུ་ཕྱིན་མེད་པ་ཊོཀྱོ་ནས་ཕེརནསི་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག།
ངོ་རྒོལ་གོ་སྒྲིག་པ་ཚོས་ཁོང་ཚོའི་སྒྲིག་འཛུག་དེའི་མིང་ལ་ལྷོ་རྒྱ་ནག་གི་རྒྱ་མཚོའི་ཁུལ་གྱི་ཞི་བདེ་སྲུང་སྐྱོབ་བྱེད་མཁན་གྱི་ལྦེཏ་ནམ་གྱི་མཐུན་ཚོགས་ཞེས་འབོད་ཀྱི་ཡོད་པ་འགྲེལ་བརྗོད་བྱས་ཅིང༌། གནད་དོན་དབྱེ་ཞིབ་པ་ཚོས་འདི་ནི་ཉེ་ཧོང་ནང་གནས་སྡོད་ལྦེཏ་ནམ་གྱི་ཡུལ་མི་ཚོས་རྒྱ་ནག་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་ཐོག་མ་དེ་ཡིན་པར་ཡིད་ཆེས་བྱེད་བཞིན་ཡོད་པ་རེད།
ཡང་ངོ་རྒོལ་བ་ཚོའི་ལག་ཏུ་འཁྱེར་བའི་འཕྲེད་དར་གྱི་བརྗོད་ཚིག་ནང་རྒྱ་ནག། ཁྱིམ་མཚེས་རྒྱལ་ཁབ་ཀྱི་མངའ་ཁོངས་ས་ཆའི་ཐོག་ཁྲིམས་འགལ་གྱི་ལས་དོན་སྤེལ་རྒྱུ་མཚམས་འཇོག་དགོས་ཞེས་དང༌། རྒྱ་ནག་གི་བསམ་བློའི་ནང་གང་ངས་དབང་བ་དེ་ངའི་ཡིན་པ་སྨྲོས་མེད་དང་། གང་གཞན་གྱིས་དབང་བ་དེ་དག་ཀྱང་ངའི་ཡིན་བསམ་པའི་འདུ་ཤེས་འཛིན་གྱི་ཡོད་པ་རེད་ཅེས་སོགས་འཁོད་ཡོད་འདུག།
ཉེ་བའི་དུས་ཡུན་ནང་ལྷོ་རྒྱ་ནག་གི་རྒྱ་མཚོའི་ཁུལ་གྱི་གནས་སྟངས་འཕྲན་བུ་ཛ་དྲག་ཏུ་ཕྱིན་ཡོད་ཅིང་། རྒྱ་ནག་གིས་ལྷོ་རྒྱ་ནག་གི་རྒྱ་མཚོའི་གླིང་ཕྲན་ཞིག་ཏུ་ཡོད་པའི་ཝེཏ་ནམ་གྱི་རྡོ་སྣུམ་རྟགས་དཔྱད་ཁང་གི་གཏེན་གཞི་ཞིག་ལ་གཏོར་སྐྱོན་བཏང་པའི་གནས་ཚུལ་བྱུང་རྗེས་ལྦེཏ་ནམ་གྱི་ངོས་ནས་མཚོན་མདེལ་ངོ་མ་ཅན་གྱི་དམག་སྦྱོངས་ཤུགས་ཆེ་ཞིག་ཁུལ་དེའི་ནང་བྱས་ཡོད་པ་རེད།།