ལྦིཏ་ནམ་ནང་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བ།
2011.08.14
༄༅༎ལྦིཏ་ནམ་གཞུང་གིས། དེ་རིང་རེས་གཟའ་ཉི་མའི་ཉིན་ལྦིཏ་ནམ་མི་དམངས་བརྒྱ་ཙམ་ལ་རྒྱ་ནག་གཞུང་གིས་ལྷོ་རྒྱ་ནག་གི་རྒྱ་མཚོའི་ནང་བཙན་འཛུལ་བྱེད་པར་ངོ་རྒོལ་ལས་འགུལ་སྤེལ་དུ་བཅུག་ཡོད་པ་རེད།
བར་ལམ་རྒྱ་ནག་དང་ལྦིཏ་ནམ་དབར་ལ་ལྷོ་རྒྱ་ནག་གི་རྒྱ་མཚོའི་བདག་དབང་གི་རྩོད་ལེན་གྱི་དཀའ་རྙོགས་ཆེ་རུ་ཕྱིན་པའི་རྗེས། ལྦིཏ་ནམ་མི་དམངས་ཀྱིས་ཕྱི་ཟླ་དྲུག་པའི་འགོ་སྟོད་ནས་རྒྱ་ནག་གཞུང་གིས་ལྦིཏ་ནམ་བདག་དབང་ཐོག་བཙན་འཛུལ་བྱེད་པར་ངོ་རྒོལ་གྱི་ལས་འགུལ་སྤེལ་ཏེ། དེ་རིང་རེས་གཟའ་ཉི་མ་ནི་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་བ་ཐེངས་བཅུ་པ་དེ་ཡིན་པ་རེད། ལྦིཏ་ནམ་ནང་སྤྱི་བཏང་གིས་སྲིད་དོན་དང་འབྲེལ་བའི་ངོ་རྒོལ་གྱི་ལས་འགུལ་རིགས་གཞུང་གིས་བཀག་འགོག་བྱེད་ཀྱི་ཡོད་ཀྱང༌། ཉེ་ཆར་ཕྱི་ཟླ་ལྔ་པའི་ནང༌། རྩོད་གཞི་ཡོད་པའི་ལྷོ་རྒྱ་ནག་གི་རྒྱ་མཚོའི་ཐོག་རྒྱ་ནག་གི་གྲུ་འཛིངས་ཀྱིས། ལྦིཏ་ནམ་གྱི་གཏེར་ཁ་བརྔོག་འདོན་བྱེད་མཁན་གྲུ་གཟིངས་ལ་གནོད་འཚེ་བཏང་བའི་དོན་རྐྱེན་བྱུང་བ་ནས་བཟུང་ལྦིཏ་ནམ་གཞུང་དང་རྒྱ་ནག་དབར་གྱི་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་པ་མ་ཟད། ལྦིཏ་ནམ་མི་དམངས་ཀྱིས་གཟའ་འཇུག་ལྟར་ཆར་ལྦིཏ་ནམ་ནང་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་དུ་ངོ་རྒོལ་ལས་འགུལ་བསྟུད་མར་སྤེལ་ཡོད་པ་དང༌། ཕྱི་ཟླ་དྲུག་པའི་ནང་ལྦིཏ་ནམ་དང་རྒྱ་ནག་དབར་དཀའ་རྙོགས་དེ་སེལ་ཐབས་ཀྱི་ཐད་ལ་གྲོས་མོལ་བྱས་པའི་རྗེས། ཉེན་རྟོག་པས་ངོ་རྒོལ་ལས་འགུལ་ཐེངས་གཉིས་ཁ་ཐོར་བཏང་སྟེ་བཀག་འགོག་བྱས་ཡོད་པ་རེད། འོན་ཀྱང་ད་བར་ལྦིཏ་ནམ་མི་དམངས་ཀྱིས་མུ་མཐུད་ནས་རྒྱ་ནག་གི་བྱ་སྤྱོད་ལ་ཁོང་ཁྲོའི་ངོ་རྒོལ་ལས་འགུལ་མུ་མཐུད་སྤེལ་བ་མ་ཟད། ལྦིཏ་ནམ་གཞུང་གིས་མི་དམངས་ཀྱི་ལས་འགུལ་མུ་མཐུད་སྤེལ་དུ་བཅུག་ཡོད་པ་བཞིན། དེ་རིང་རེས་གཟའ་ཉི་མའི་ངོ་རྒོལ་ལས་འགུལ་དེ་རྒྱལ་ས་ཧ་ནོའེ་ཡི་གཙང་ཆུའི་ཉེ་འགྲམས་སུ་འདུ་འཛོམས་ཀྱིས་དེའི་ནང་དུ་མཉམ་ཞུགས་བྱེད་མཁན་སློབ་ཕྲུག་དང༌། ཤེས་ལྡན་པ་སོགས་ཡོད་ཅིང༌། དེ་སྔ་རྒྱ་ནག་དང་ལྦིཏ་ནམ་དབར་འཐབ་འཁྲུག་ནང་ལྦིཏ་ནམ་དམག་མི་བསད་པའི་དྲན་རྟེན་དང་བསྟུན་ནས་ ཁོང་ཚོའི་ལག་ཏུ་རྒྱ་ནག་ལ་ངོ་རྒོལ་གྱི་ཡིག་ཆེན་བྲིས་པའི་ཕྲེད་དར་འཁྱེར་བ་དང༌། རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་འབོད་ཚིག་སྒྲོག་ཏེ། རྒྱ་མིས་དེ་སྔ་ལྦིཏ་ནམ་མི་ལོ་ཆིག་སྟོང་བཙན་འཛུལ་བྱས་པ་དྲན་གསོ་བྱས་པ་མ་ཟད། ད་དུང་ཉེ་བའི་ཆར་༡༩༧༩ ལོར་ཕྱོགས་གཉིས་བར་ས་མཚམས་དམག་འཁྲུག་གི་དོན་རྐྱེན་དང༌། དེ་བཞིན་༡༩༨༨ ལོར་རྒྱ་མིས་ལྦིཏ་ནམ་གྲུ་འཛིངས་གཏོང་མཁན་༧༠ ལྷག་བསད་པའི་ལོ་རྒྱུས་དྲན་གསོ་བྱས་ཏེ་རྒྱ་ནག་གི་བྱ་སྤྱོད་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་རེད།