ཡེ་ཤུའི་མཆོད་དཔོན་ཞིག་གློད་འགྲོལ་ཡོང་ཐབས་གནོན་ཤུཌ
2011.07.27
༄༅༎ལྦིཏ་ནམ་གཞུང་གིས་གཞུང་དང་ལྟ་སྤྱོད་མི་མཐུན་མཁན་མཆོད་དཔོན་བསྐྱར་དུ་འཛིན་བཟུང་བྱས་པ་དེ་གློད་འགྲོལ་གཏོང་དགོས་པའི་སྐོར་ལ་ཨ་མི་རི་ཀ་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་ལྦིཏ་ནམ་གཞུང་ལ་གནོན་ཤུགས་སྤྲོད་བཞིན་ཡོད་པ་རེད།
ཆོས་དཔོན་ནུ་ཡེན་ལྦེན་ལའེ་ནི་ལྦིཏ་ནམ་ནང་དུ་གཞུང་གིས་བཀག་འགོག་དང་དམ་བསྒྲཌ་བྱེད་བཞིན་པའི་དམངས་གཙོའི་ཚོགས་པ་གསར་འཛུགས་གནང་མཁན་གྱི་ཚོགས་མི་ཡིན་ཞིང༌། ཁོང་ཀླད་པའི་སྐྲན་ནད་ཀྱི་སྙུང་གཞི་སྨན་བཅོས་ཆེད་དུ་ན་ནིང་བཙོན་ནས་གློད་འགྲོལ་བཏང་ཡོད་པ་དང༌། འོན་ཀྱང་དེ་རིང་ཁོང་གི་ཁྲིམས་རྩོད་པས་གསུང་ན། ཁོང་རེས་གཟའ་ཟླ་བའི་ཉིན་ལྦིཏ་ནམ་གཞུང་གིས་བསྐྱར་དུ་འཛིན་བཟུང་བྱས་པའི་གནས་ཚུལ་གསུང་ཡོད་པ་རེད། ཨ་མི་རི་ཀ་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་ཁོང་བསྐྱར་དུ་འཛིན་བཟུང་བྱས་པའི་གནས་སྟངས་ཐོག་ལ་བློ་འཚབ་གནང་གི་ཡོད་ཅིང༌། དེ་ཡང་ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས། ང་ཚོ་ཨ་མི་རི་ཀའི་ངོས་ནས་མཆོད་དཔོན་ཁོང་འཕྲལ་དུ་གློད་འགྲོལ་གཏོང་དགོས་པའི་སྐོར་ལ་ལྦིཏ་ནམ་གཞུང་ལ་ཛ་དྲག་གི་འབོད་སྐུལ་ཞུ་གི་ཡོད་། ཁོང་ལ་ཀླད་པའི་སྐྲན་ནད་ཀྱི་སྙུང་གཞི་ཡོད་པར་བརྟེན་ནས་མུ་མཐུད་སྨན་བཅོས་ཀྱི་ཐོབ་ཐང་སྤྲོད་དགོས་ཀྱི་རེད་ཅེས་དང༌། དམིགས་བསལ་སྨྲ་བརྗོད་རང་དབང་གི་ཐོབ་ཐང་སྐོར་འཐབ་རྩོད་བྱེད་མཁན་མི་སྒེར་གཅིག་ཡིན་ནའང་བཙོན་འཇུག་བྱེད་ཆོག་གི་མ་རེད་ཅེས་ནན་བརྗོད་གནང་ཡོད་པ་རེད། མཆོད་དཔོན་ལའེ་ནི། ༢༠༠༧ ལོར་ཁོང་ལ་ལྦིཏ་ནམ་གཞུང་གི་གནས་ཚུལ་འཁྱོག་བཤད་ཀྱི་དྲིལ་བསྒྲགས་བྱེད་མཁན་ཡིན་པའི་ཉེས་འཛུགས་འོག་མི་ལོ་བརྒྱད་ཀྱི་བཙོན་འཇུག་ཉེས་ཆད་བཏང་ཟིན་པ་དང༌། ཨ་མི་རི་ཀའི་ནང་རྟེན་གཞི་བྱེད་པའི་འགྲོ་བ་མིའི་ལྟ་རྟོགས་ཚོགས་པས། མཆོད་དཔོན་ཁོང་ནི་ལྦིཏ་ནམ་གཞུང་གིས་ཁྱིམ་ཚང་ནས་འགྲོ་འོང་གི་རང་དབང་མེད་པར་དོ་དམ་འོག་མི་ལོ་ལྔ་བཞག་པའི་རྗེས། བསྐྱར་དུ་མི་ལོ་ལྔ་ལྷག་བཙོན་འཇུག་གི་ཉེས་ཆད་གཏོང་རྒྱུ་ཡིན་པའི་སྔོན་དཔགས་གནང་གི་ཡོད་པ་དང༌། དེ་བཞིན་རྒྱལ་སྤྱིའི་ཉེས་ཡང་ཚོགས་པས། ཁོང་བསྐྱར་དུ་འཛིན་བཟུང་བྱས་པ་དེ་ནི། ཁོང་གི་ཞི་བའི་དམངས་གཙོའི་ལས་འགུལ་དང་འབྲེལ་བ་ཡོད་པ་ངོས་འཛིན་གནང་གི་ཡོད་པ་མ་ཟད། ཁོང་གི་སྐུ་གཟུགས་ཀྱི་གནས་སྟངས་ཧ་ཅང་ཞན་པོ་ཡོད་བཞིན་དུ་འཛིན་བཟུང་བྱས་པ་ནི་ནོར་འཁྲུལ་ཡིན་པའི་སྐྱོན་བརྗོད་གནང་ཡོད་པ་རེད།