ལྦི་ཏི་ནམ་གཞུང་གི་གྲོས་ཚོཌ་ནས་སྲོག་ཁྲིམས་ཁག་ཅིག་ཕྱིར་བསྡུ།
2009.06.19
༄༅༎ལྦི་ཏི་ནམ་གཞུང་གི་གྲོས་ཚོགས་ནས་བཙན་གཡེམ་བྱེད་མཁན་དང་དེ་མིན་གྱི་ཁྲིམས་འགལ་བྱ་སྤྱོད་ཁག་ཅིག་གི་ཐོག་སྲོག་ཐོག་ཉེས་ཆད་གཅོད་རྒྱུ་མིན་པའི་ཐག་གཅོད་བྱས་ཡོད་པ་རེད།
གཟའ་པ་སངས་ཉིན་ལྦི་ཏི་ནམ་གྲོས་ཚོགས་ཀྱིས་བཙན་གཡེམ་བྱེད་མཁན་དང་ནག་ཚོང་རྒྱབ་མཁན།ལྐོག་རྔན་སྤྲོད་ལེན་བྱེད་པ།གནམ་གྲུ་དང་གྲུ་གཟིང་བཙན་ཁྲིད་བྱེད་པ་མཚོན་ཆ་དང་དམག་དཔུང་གི་ཡོ་ཆས་ལ་གཏོར་བཤིག་བཏང་བ་སོགས་ཁྲིམས་འགལ་གྱི་བྱ་བ་ཁག་བདུན་ཙམ་གྱི་ཐོག་སྲོག་ཐོག་གི་ཉེས་ཆད་གཅོད་རྒྱུ་མཚམས་འཇོག་བྱ་རྒྱུའི་གྲོས་ཐག་བྱུང་ཡོད་པ་རེད། གོང་ཞུས་ཁྲིམས་འགལ་བྱ་སྤྱོད་ཁག་བདུན་གྱི་ཐད་ཉེས་པ་ཕོག་མཁན་ཚོར་སྲོག་ཐོག་གི་ཉེས་ཆད་གཅོད་རྒྱུ་མཚམས་འཇོག་བྱ་རྒྱུ་ལྦི་ཏི་ནམ་གྲོས་ཚོགས་ཀྱིས་ཡོངས་བསྒྲགས་མིན་པའི་ཐོག་ནས་གྲོས་མོལ་བྱས་སྟེ་གྲོས་ཚོགས་འཐུས་མི་བརྒྱ་ཆ་བདུན་ཅུ་དོན་ལྔ་ལྷག་གིས་མོས་མཐུན་བྱུང་ནས་གྲོས་ཐག་བཅད་ཡོད་པ་དང་དུས་སང་ཕྱི་ཟླ་དང་པོ་ནས་དངོས་སུ་ཁྲིམས་ཐོག་ལག་བསྟར་བྱ་རྒྱུ་ཡིན་པ་ལྦི་ཏི་ནམ་གྱི་གསར་འགྱུར་བརྒྱུད་ལམ་ཐོག་གནས་ཚུལ་སྤེལ་ཡོད་འདུག ལྦི་ཏི་ནམ་གཞུང་གིས་༡༩༩༩ལོར་སྲོག་ཐོག་གི་ཉེས་པ་ཁག་ཅིག་ཕྱིར་བསྡུ་བྱས་ཡོད་པ་དང་ཡིན་ནའི་ད་དུང་ཁྲིམས་འགལ་གྱི་ནག་ཉེས་ཁག་ཉི་ཤུ་རྩ་གཉིས་ཙམ་སྲོག་ཐོག་གི་ཉེས་ཆད་གཏོང་རྒྱུའི་གྲས་སུ་ཡོད་ཅིང་དེས་རྐྱེན་པས་ལྦི་ཏི་ནམ་ནང་ལོ་ལྟར་མི་གྲངས་བཅུ་གྲངས་ལྷག་ཙམ་གོང་ཞུས་ནག་ཉེས་དེ་རིགས་ཀྱིས་སྲོག་ཐོག་ཉེས་ཆད་ཕོག་གི་ཡོད་པ་རེད།