ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པས་རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་མངོན་གསལ་དོད་ཤོས་བྱེད་བཞིན་ཡོད་པ་གསུངས་འདུག

2024.01.23
ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པས་རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་མངོན་གསལ་དོད་ཤོས་བྱེད་བཞིན་ཡོད་པ་གསུངས་འདུག ཨ་རིའི་གཞུང་གི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་ལྕམ་ཨུཛ་ར་ཛི་ཡ།
ཨ་རིའི་ཕྱི་སྲིད་ལས་ཁུངས།

ཧེལ་སིན་ཀེ་ཐེབས་རྩ་ཁང་གི་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་ཇེ་ནི་ཝར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་ནང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཐད་དུས་བཀག་བསྐྱར་ཞིབ་ཀྱི་ལས་དོན་མ་ཚུགས་པའི་ཉིན་གཅིག་གི་སྔོན་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་དངོས་ཡོད་གནས་སྟངས་གསལ་སྟོན་བྱེད་པའི་ཚོགས་འདུ་ཞིག་ཁ་སང་ཕྱི་ཟླ་ ༡ ཚེས་ ༢༢ གོ་སྒྲིག་ཞུས་ཤིང་། ཨ་རིའིགཞུང་གི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་ལྕམ་ཨུཛ་ར་ཛི་ཡ་མཆོག་གིས། འདས་པའི་ལོ་བཞི་དང་ཕྱེད་ཀའི་རིང་རྒྱ་ནག་ཐོག་ཞིབ་འཇུག་དང་བསྐྱར་ཞིབ་བྱས་པའི་དུས་ཡུན་དེའི་རིང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཞུང་གིས་རྒྱ་ནག་ནང་བསམ་ཚུལ་མི་མཐུན་པ་དང་གཞུང་ཕྱོགས་ཀྱི་ཆབ་སྲིད་ལངས་ཕྱོགས་ལ་མོས་མཐུན་མི་བྱེད་མཁན་ཚོར་འཇིགས་སྣང་དང་བཟོད་སྲན་མེད་པ། དྲག་གནོན་བྱེད་པའི་ཐོག་ནས་ཉམས་ཉེས་བཏང་ཡོད་པ་ཤེས་རྟོགས་ཐུབ་ཡོད། འོན་ཀྱང་དྲག་གནོན་གྱི་ལས་འགུལ་དེ་དག་མངོན་གསལ་དོད་ཤོས་ནི་བོད་ནང་སྤེལ་ཡོད་པ་གསུངས་འདུག

ཧེལ་སིན་ཀེ་ཐེབས་རྩ་ཁང་གི་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་ཇེ་ནི་ཝར་གོ་སྒྲིག་ཞུས་པའི་ཚོགས་འདུའི་དམིགས་ཡུལ་གཙོ་བོ་ནི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་དངོས་ཡོད་ཀྱི་གནས་ཚུལ་ཕྱིར་བསྒྲགས་ཞུ་ཆེད་ཡིན་འདུག  ཨ་རིའི་བོད་དོན་ཐད་ཀྱི་དམིགས་བསལ་འབྲེལ་མཐུད་པ་ལྕམ་ཨུཛ་ར་ཛི་ཡ་མཆོག་གིས། འདས་པའི་ལོ་ངོ་བཅུ་ཕྲག་མང་པོའི་རིང་རྒྱ་ནག་གཞུང་གིས་སྡུག་རྩུབ་ཧ་ཅང་ཆེ་བའི་སྲིད་བྱུས་ལམ་ལུགས་ཀྱི་འོག་ནས། བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་རྒྱུ་དང་། བོད་མི་ཚོར་རང་གི་སྐད་ཡིག་དང་ཆོས་ལུགས། མི་རིགས།རིག་གཞུང་སྲུང་སྐྱོབ་བྱེད་མི་འཇུག་པའི་ལས་འགུལ་སྤེལ་བཞིན་ཡོད་པ་རེད་ཅེས་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ཀྱི་ནང་ཆོས་རིག་གཞུང་སྤྱིའི་ངོ་བོར་འགྱུར་ལྡོག་གཏོང་ཐབས་བྱེད་བཞིན་ཡོད་ལ། ལྷག་པར་དུ་༧གོང་ས་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་མ་འོངས་པའི་༧སྐུའི་ཡང་སྲིད་ཀྱི་གནད་དོན་དེ་རྒྱ་ནག་གཞུང་རང་ཉིད་ཀྱི་ཆབ་སྲིད་ཀྱི་དགོས་མཁོ་སྒྲུབ་ཆེད་ཁ་ལོ་བསྒྱུར་ཏེ་སྤྲུལ་སྐུའི་ཡང་སྲིད་ཀྱི་དོན་སྙིང་གི་ལྟ་གྲུབ་ཁག་མང་གཙོ་དང་མི་ལྡན་པའི་རྒྱ་ནག་དམར་ཤོག་ཚོགས་པའི་ལམ་ལུགས་ཀྱི་ནང་ཚུད་ཐབས་བྱེད་བཞིན་པའི་སྐྱོན་བརྗོད་ཤུགས་ཆེ་གནང་འདུག

དེ་བཞིན་ཁོང་གིས། བོད་ནང་གི་བོད་པའི་ཕྲུ་གུ་ཚོ་རྒྱ་ནག་གཞུང་གིས་ཆེད་བཙུགས་བྱེད་པའི་གཏན་འཇགས་སློབ་གྲྭ་ཁག་གི་ནང་བཙན་དབང་གི་ཐོག་ནས་འགྲོ་རུ་བཅུག་བཞིན་པ་དེ་ནི་བོད་ཕྲུག་དེ་དག་བོད་མིའི་སྐད་ཡིག་དང་རིག་གཞུང་། ཆོས་ཕྱོགས་ཀྱི་རིན་ཐང་དང་ཡོངས་སུ་འབྲེལ་བ་བཅད་པའི་དགོས་དམིགས་སྒྲུབ་ཐབས་ཤིག་ཡིན་པར་ངོས་འཛིན་གནང་འདུག

དཀའ་ངལ་དང་སྡུག་རྩུབ་ཀྱི་གནས་སྟངས་འདི་འདྲའི་འོག་ཏུ་ཡང་བོད་མི་ཚོས་གསར་གཏོད་ཀྱི་ཐབས་ལམ་ཀྱི་ཐོག་ནས་རང་གི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་ཐབས་བྱེད་བཞིན་ཡོད་པ་ནི་ཧ་ལས་དགོས་པ་ཞིག་ཡིན་པ་ཨ་རིའི་བོད་དོན་ཐད་ཀྱི་དམིགས་བསལ་འབྲེལ་མཐུད་པ་ལྕམ་ཨུཛ་ར་ཛི་ཡ་མཆོག་གིས་གསུངས་འདུག་ལ། ཁོང་གིས། དྲག་གནོན་སྡུག་རྩུབ་ཀྱི་བྱ་སྤྱོད་སྤེལ་བཞིན་པ་འདི་དག་རྒྱལ་ཁབ་བྱེ་བྲག་པ་གཅིག་གིས་འགོག་ཐུབ་པ་ཞིག་མིན་པར་བརྟེན། ང་ཚོས་གནད་དོན་འདི་དག་རྒྱ་ནག་གི་དཔོན་རིགས་མཐོ་ཤོས་ཚོ་དང་བགྲོ་གླེང་བྱེད་པའི་སྐབས་གླེང་སློང་བྱས་པའི་ཁར། ནུས་ཤུགས་མཉམ་སྤུངས་ཀྱི་དམིགས་ཡུལ་བཟུང་བའི་ཐོག་ནས་ཨ་རིའི་གཞུང་གིས་མཐུན་ཕྱོགས་དང་མནའ་འབྲེལ་གྱི་ཡུལ་གྲུ་དང་མཉམ་ལས་ཇེ་ཆེར་གཏོང་བཞིན་ཡོད་པ་གསུངས་འདུག

ཨ་རིའི་བོད་དོན་ཐད་ཀྱི་དམིགས་བསལ་འབྲེལ་མཐུད་པ་ལྕམ་ཨུཛ་ར་ཛི་ཡ་མཆོག་གི་གསུང་བཤད་ཀྱི་ནང་དོན་ཁག་གསར་པ་གང་ཡང་མིན་ན་ཡང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་རྒྱ་ནག་ཐོག་ལོ་ལྔ་རེའི་མཚམས་ཀྱི་བསྐྱར་ཞིབ་ཀྱི་ལས་དོན་སྤེལ་བའི་སྔ་ནུབ་ཏུ་དོ་ནན་གྱིས་བོད་ནང་གི་གནས་སྟངས་བསྐྱར་བཤད་གནང་པ་དང་། ཨ་རིའི་ངོས་ནས་བོད་དོན་ཐད་འགྱུར་བ་མེད་པའི་རྒྱབ་སྐྱོར་ཡོད་པ་ནན་བརྗོད་གནང་པ་ཁག་ནི་ཧ་ཅང་གནད་འགག་ཆེན་པོ་ཡིན་པ་བོད་མི་ཚོས་ངོས་འཛིན་གནང་བཞིན་ཡོད་པ་རེད།   

ལྕམ་ཨུཛ་ར་ཛི་ཡ་མཆོག་གིས། རྒྱ་ནག་གཞུང་ལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གམ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་དུ་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་གྲོས་མོལ་སླར་གསོ་དགོས་པ་ཨ་རིའི་གཞུང་གི་རིམ་པ་མཐོ་ཤོས་ཀྱི་དཔོན་རིགས་ཚོས་སྐུལ་མ་བྱེད་བཞིན་ཡོད་པ་གསུངས་འདུག་ལ། དེ་དང་དུས་མཚུངས་བོད་ནང་སྡུག་རྩུབ་ཀྱི་སྲིད་བྱུས་ལག་བསྟར་བྱེད་མཁན་གྱི་དཔོན་རིགས་སྤྱི་དང་། ལྷག་པར་དུ་བོད་ཕྲུག་ས་ཡ་གཅིག་ལྷག་རྒྱ་ནག་གཞུང་གིས་གཉེར་བའི་གཏན་འཇགས་སློབ་གྲྭ་ཁག་གི་ནང་བཏང་སྟེ་བོད་པའི་ངོ་བོ་སིམ་ཐབས་ཀྱི་ལས་འགུལ་སྤེལ་མཁན་གྱི་དཔོན་རིགས་ཚོར་ཨ་རིའི་ནང་ཡོང་རྒྱུའི་ཐོངས་མཆན་ཝི་ས་སྤྲོད་རྒྱུར་དམ་དྲག་བྱེད་པ་སོགས་ལངས་ཕྱོགས་མཁྲེགས་པོ་བཟུང་བཞིན་ཡོད་པ་འགྲེལ་བརྗོད་གནང་འདུག

ལྕམ་ཨུཛ་ར་ཛི་ཡ་མཆོག་གིས། ཁོང་སྐུ་སྒེར་དང་ཨ་རིའི་གཞུང་གི་སྐུ་ཚབ་མཚོན་པའི་ཐོག་ནས་ཧེལ་སིན་ཀེའི་ཐེབས་རྩ་ཚོགས་པའི་དམིགས་བསལ་བོད་ཀྱི་གནད་དོན་ཐད་ཚོགས་འདུ་འདི་ལྟ་བུ་གོ་སྒྲིག་གནང་པར་ཐུགས་རྗེ་ཆེ་ཞུས་གནང་འདུག

གསར་འགོད་པ། སྐལ་ལྡན་བློ་གྲོས།    

རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས། 

དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎