ཨ་མི་རི་ཀའི་གྲོས་ཚོགས་གོང་འོག་གཉིས་ནང་ཡུ་གུར་སྲིད་བྱུས་ཁྲིམས་འཆར་ངོ་སྤྲོད་གནང་འདུག

2022.04.08
ཨ་མི་རི་ཀའི་གྲོས་ཚོགས་གོང་འོག་གཉིས་ནང་ཡུ་གུར་སྲིད་བྱུས་ཁྲིམས་འཆར་ངོ་སྤྲོད་གནང་འདུག
སྒྲིག་བཟོ། ནོར་སྡེ།

ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Marco Rubio མཆོག་གིས་ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་ནང་ཡུ་གུར་མི་རིགས་ལ་རྒྱབ་སྐྱོར་གྱི་ཁྲིམས་འཆར་ཞིག་བཏོན་གནང་བ་དང་། ཨ་རིའི་གྲོས་ཚོགས་འོག་མའི་ནང་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ལྕམ་ Young Kim དང་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Ami Bera ཟུང་འབྲེལ་ཐོག་བཏོན་གནང་འདུག

ཨ་མི་རི་ཀའི་གྲོས་ཚོགས་ནང་སྤྱི་མཐུན་ཚོགས་པའི་འཐུས་མི་སྐུ་ཞབས་ Marco Rubio མཆོག་གིས་ཁྲིམས་འཆར་འདི་དང་འབྲེལ་བའི་སྤྱིར་བསྒྲགས་ཤིག་སྤེལ་འདུག་པ་དེའི་ནང་། ཡུ་གུར་སྲིད་བྱུས་ཁྲིམས་འཆར་འདི་ནི་གཙོ་བོ་ཨ་རི་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་གནས་པའི་ཡུལ་གྱར་ཡུ་གུར་བ་ཚོར་རྒྱབ་སྐྱོར་དང་། དེ་མཚུངས་རྒྱ་ནག་དམར་པོའི་གཞུང་གིས་གདུག་རྩུབ་འོག་དཀའ་སྡུག་མྱོང་བཞིན་པའི་ཡུ་གུར་མི་རིགས་ཚོར་དམིགས་པ་ཞིག་ཡིན་པ་གསུངས་འདུག

གྲོས་ཚོགས་ཀྱི་འཐུས་མི་ Marco  Rubio མཆོག་ནི་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ལས་དོན་ཚོགས་ཆུང་གི་ཚོགས་མི་མཐོ་ཤོས་གཉིས་པ་དེ་ཡིན་ལ། ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཐད་ཀྱི་ཚོགས་ཆུང་གི་ཚོགས་མི་མཐོ་གྲས་ཤིག་ཀྱང་ཡིན་པ་རེད།

ཁོང་གིས་ཕྱི་ཟླ་ ༤ ཚེས་ ༨ ཉིན་སྤེལ་བའི་གསལ་བསྒྲགས་དེའི་ནང་། རྒྱ་ནག་དམར་པོའི་གཞུང་གིས་ཡུ་གུར་དང་ཁ་ཆེའི་གྲང་ཉུང་མི་རིགས་རྩ་མེད་བཟོ་བའི་ལས་འགུལ་ཞེན་པ་ལོག་པ་ཞིག་སྤེལ་བཞིན་ཡོད་པ་དང་། འཇིགས་སུ་རུང་བའི་གདུག་རྩུབ་ཀྱི་བྱ་སྤྱོད་འདིའི་ཐད་ཨ་མི་རི་ཀའི་ངོས་ནས་ཁ་ཁུ་སིམ་པོར་སྡོད་ཐབས་ཡོད་པ་མ་རེད་ཅེས་གསུངས་འདུག

ཨ་རིའི་གྲོས་ཚོགས་གོང་འོག་གི་ཡུ་གུར་གྱི་སྲིད་བྱུས་ཁྲིམས་འཆར་དེའི་ནང་ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱིས་ཁ་ཆེའི་མི་འབོར་མང་བའི་རྒྱལ་ཁབ་ཁག་ནང་གཏམ་བཤད་ལས་འཆར་བཀོད་སྒྲིག་བྱེད་སྐབས། ཤིན་ཅང་ནང་ཡུ་གུར་དང་དེ་མིན་གྲང་ཉུང་མི་རིགས་ཐོག་དྲག་གནོན་བྱེད་བཞིན་པའི་གནས་སྟངས་གསལ་བཤད་ཆེད་ཡུ་གུར་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་སྤེལ་མཁན་འཇུག་དགོས་པ་དང་། ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱིས་རྒྱ་ནག་དམར་ཤོག་གི་དཔོན་རིགས་ཁག་དང་ཐུགས་འཕྲད་བྱེད་སྐབས་ཡུ་གུར་བ་རྣམས་དོ་དམ་བྱེད་ཡུལ་ཁག་ལ་བལྟ་རྟོག་ཐུབ་ཐབས་སྐོར་བཀའ་མོལ་དང་ཁོང་ཚོ་དོ་དམ་ནས་གློད་བཀྲོལ་ཡོང་ཐབས་ཀྱི་ཐབས་ལམ་འཚོལ་དགོས་པའི་སྐོར་བཀོད་ཡོད་པ་རེད།  དེ་བཞིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ཕྱི་འབྲེལ་སྲིད་ཞུ་བ་ཚོར་ཡུ་གུར་སྐད་ཡིག་གི་སྦྱོར་བརྡར་སྤྲོད་དགོས་པ་དང་། རྒྱ་ནག་དང་དེ་མིན་ཡུ་གུར་མི་རིགས་འབོར་ཆེ་གནས་ཡུལ་ཏུར་ཀི་ཡུལ་གྲུ་སོགས་ཀྱི་ནང་ཉུང་མཐར་ཡུ་གུར་སྐད་ཡིག་ཤེས་མཁན་གྱི་ཕྱི་འབྲེལ་སྲིད་ཞུ་བ་རེ་ཆེད་འཛུགས་དགོས་པ། མཉམ་འབྲེལ་རྒྱལ་ཚོགས་ནང་ཡུ་གུར་གནད་དོན་ཐོག་བསམ་ཞིབ་བཀག་འགོག་གི་བྱ་ཐབས་རིགས་འབྱུང་ཚེ་དེར་རྒྱལ་ཚོགས་ཀྱི་ཨ་རིའི་སྐུ་ཚབ་པས་ངོ་རྒོལ་དགོས་པ་ཨ་རིའི་གཞུང་ནས་ལམ་སྟོན་དགོས་རྒྱུ་སོགས་འཁོད་ཡོད་འདུག

ཨ་རིའི་གྲོས་ཚོགས་ནས་ཨ་མི་རི་ཀའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ ༢༠༢༠ ལོའི་ཕྱི་ཟླ་ ༡༢ པའི་ཚེས་ ༢༧ ཉིན་རྒྱལ་ཁབ་ཀྱི་ལག་བསྟར་ཁྲིམས་ཡིག་གི་ངོ་བོར་གཏན་འབེབས་གནང་ཞིང་། དེའི་ནང་གཙོ་བོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་ཞུ་རྒྱུ་ནི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་རིགས་ཁོ་ནར་རང་དབང་ཡོད་པ་ལས། རྒྱ་ནག་དམར་ཤོག་ཚོགས་པས་དེར་ཐེ་གཏོགས་བྱས་པ་ཡིན་ན་དཔལ་འབྱོར་དང་དེ་མིན་གྱི་ཉེས་ཆད་བཀལ་རྒྱུ་དང་། དེ་བཞིན་བོད་ཀྱི་རྒྱལ་ས་ལྷ་སའི་ནང་ཨ་མི་རི་ཀའི་གཞུང་ཚབ་ཡན་ལག་ལས་ཁང་ཞིག་འཛུག་ཐབས་དགོས་པ། བཙན་བྱོལ་བོད་མི་ཚོར་དཔལ་འབྱོར་གྱི་རོགས་རམ་གནང་རྒྱུ་སོགས་ཚུད་ཡོད་པ་རེད།

ཨ་རིའི་གྲོས་ཚོགས་ཀྱི་ཁྲིམས་འཆར་ལས་དོན་ཇི་འདྲ་ཞིག་ཡིན་ཡང་ཐོག་མར་གྲོས་ཚོགས་ནང་ངོ་སྤྲོད་དང་། གྲོས་བསྡུར། གྲོས་ཚོགས་ཀྱི་འཐུས་མི་མང་མོས་སམ་སྤྱི་མོས་ཀྱི་ཐོག་ནས་གཏན་འབེབས་འབྱུང་མཚམས་ཨ་རིའི་སྲིད་འཛིན་གྱིས་དེར་མཚན་རྟགས་སྐྱོན་རྗེས་གཞི་ནས་རྒྱལ་ཁབ་སྲིད་གཞུང་གིས་ལག་བསྟར་ཁྲིམས་ཡིག་ཞིག་ཆགས་ཀྱི་ཡོད་པ་རེད།

གསར་འགོད་པ། ལྷུན་གྲུབ་ཚེ་རིང་།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎