རྒྱ་ནག་གི་མཐོ་རིམ་མི་སྣས་ཨ་མི་རི་ཀ་དང་འགྲིག་མཐུན་བྱེད་རྒྱུའི་རྣམ་འགྱུར་བསྟན་འདུག
2020.07.09
རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡེས་ཀྱིས་ཨ་རྒྱ་གཉིས་བར་ཁ་གཏད་གདོང་ལེན་བྱེད་རེས་ཀྱི་གནས་ཚུལ་ཡོང་བཞིན་ཡོད་ཀྱང་སྔར་གྱི་འབྲེལ་ལམ་ཡག་པོའི་ཐོག་ཕྱིར་ལོག་ཐུབ་རྒྱུ་ཡིན་པ་བརྗོད་འདུག
རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡེས་(Wang Yi)་ཀྱིས་ཕྱི་ལོ་༡༩༧༩་ལོར་རྒྱ་ནག་དང་ཨ་མི་རི་ཀ་གཉིས་དབར་གཞུང་འབྲེལ་འབྲེལ་ལམ་གསར་འཛུགས་བྱས་པའི་རྗེས་སུ། ད་ཆ་ཡུལ་གྲུ་གཉིས་བར་ཁ་གཏད་གདོང་ལེན་བྱེད་རེས་ཀྱི་གནས་ཚུལ་ཡོང་བཞིན་ཡོད་ཀྱང་སྔར་གྱི་འབྲེལ་ལམ་ཐོག་ཕྱིར་ལོག་ཐུབ་རྒྱུ་ཡིན་ལུགས་འདི་ཚེས་༩་ཉིན་བརྗོད་འདུག
འོན་ཀྱང་ཨ་མི་རི་ཀའི་གཞུང་ཕྱོགས་ནས་རྒྱ་ནག་གི་ཧོང་ཀོང་ཐོག་བྱ་སྤྱོད་དང་། ཚོང་ལས་དྲང་བདེན་མེད་པ། ཨ་རིའི་རིག་རྩལ་རྐུ་འཁྱེར་བྱེད་བཞིན་པ་སོགས་གནད་དོན་མང་དག་ཞིག་གི་ཐོག་རྒྱ་ནག་ལ་ཁ་གཏད་གདོང་ལེན་གྱི་སྲིད་ཇུས་རྣོ་ངར་ཆེ་རུ་བཏང་ཡོད་ལ། ཕྱི་ཟླ་ ༧ ཚེས་ ༩ ཉིན་ཨ་རིའི་དབུས་ཞིབ་དཔྱོད་ལྷན་ཁང་(FBI)ཡི་འགན་འཛིན་(Christopher Wray)་ཡིས་རྒྱ་ནག་ནི་ཨ་རིར་ཉེན་ཚབས་ཆེ་ཤོས་བཟོ་མཁན་གྱི་རྒྱལ་ཁབ་དེ་ཡིན་པ་གསུངས་པར་མ་ཟད། ཕྱི་ཚེས་ ༨ ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཡེཀ་པོམ་པེའོའི་མཚན་ཐོག་ནས་ རྒྱ་ནག་གིས་ཨ་མི་རི་ཀའི་གཞུང་འབྲེལ་མི་སྣ་དང་གསར་འགོད་པ། དེ་བཞིན་ཨ་རིའི་མི་སེར་བོད་ཀྱི་ས་ཁུལ་ཁག་ནང་འགྲོ་བསྐྱོད་བཀག་འགོག་བྱེད་བཞིན་པར་བརྟེན། ཨ་རིའི་གཞུང་གི་བོད་ནང་ཕར་འགྲོ་ཚུར་འོང་འདྲ་མཉམ་གྱི་ཁྲིམས་ཡིག་གཞིར་བཟུང་བོད་ནང་འགྲོ་འོང་བཀག་འགོག་གི་སྲིད་ཇུས་བཟོ་མཁན་དང་ལག་བསྟར་བྱེད་མཁན་གྱི་རྒྱ་མིའི་དཔོན་རིགས་ཚོ་ཨ་རིར་ཡོང་རྒྱུའི་ཐོངས་མཆན་ཝི་སའི་ཐོག་དམ་དྲག་གནང་རྒྱུའི་གསལ་བསྒྲགས་གནང་ཡོད་པ་རེད། དེ་བཞིན་ཕྱི་ཚེས་ ༡༠ ཉིན་ཨ་རིའི་དྲུང་ཆེ་མཆོག་གིས་རྒྱ་ནག་གཞུང་གིས་ཝི་གུར་ཁ་ཆེའི་མི་རིགས་ཚོའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་དང་ཐད་ཀར་འབྲེལ་བ་ཡོད་པའི་རྒྱ་ནག་གཞུང་གི་དཔོན་རིགས་གསུམ་མིང་འདོན་གནང་སྟེ་ཁོང་ཚོའི་ཐོག་དཔལ་འབྱོར་གྱི་ཉེས་ཆད་དང་ཨ་རིའི་ནང་ཡོང་རྒྱུའི་ཐོངས་ཆན་དམ་དྲག་གནང་རྒྱུ་ཡིན་པ་གསུངས་ཡོད་པ་རེད། དཔོན་རིགས་དེ་གསུམ་ནི་དེ་སྔོན་བོད་རང་སྐྱོང་ལྗོངས་ཀྱི་རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེ་དང་ད་ལྟ་ཤིན་ཅང་ཝི་གུར་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ལས་ཐོག་པ་ གྲན་ཇོ་གོའོ་དང་། ཤིན་ཅང་ཝི་གུར་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་ཆབ་སྲིད་དང་ཁྲིམས་ཀྱི་དྲུང་ཆེ་ཀྲུའུ་ཧཡེ་ལུན། དེ་བཞིན་ཤིན་ཅང་ཝི་གུར་རང་སྐྱོང་ལྗོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཝང་ཧྲེན་ཅུན་བཅས་ཡིན་པ་རེད།
རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱིས་གཏམ་བཤད་འདི་དག་ཨ་རི་དང་འབྲེལ་བ་བཟང་དུ་གཏོང་ཐབས་ཀྱི་རྣམ་ཞིག་ཡིན་སྲིད་ཀྱང་། ཨ་མི་རི་ཀའི་གཞུང་གི་དཔོན་རིགས་མཐོ་གྲས་མང་པོས་རྒྱ་ནག་ནི་ཁ་གཏད་གདོང་ལེན་བྱ་ཡུལ་གྱི་ཡུལ་གྲུ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་པ་དང་ངོས་འཛིན་དེའི་ཐོག་ནས་རྒྱ་ནག་ཐོག་སྲིད་ཇུས་འགྲོ་ལུགས་ཤིག་ལག་བསྟར་བྱེད་བཞིན་ཡོད་པ་རེད།
རྒྱ་ནག་ཕྱི་སྲིད་བློན་ཆེན་ཝང་ཡེས་ཨ་རི་དང་འབྲེལ་བ་བཟང་དུ་གཏོང་འདོད་ཡོད་པའི་གཏམ་བཤད་མ་བྱས་པའི་ཉིན་གཅིག་གི་སྔོན་ཨ་རིས་བོད་དང་འབྲེལ་ནས་རྒྱ་ནག་ཐོག་ཐོངས་མཆན་ཝི་སར་དམ་དྲག་བྱེད་རྒྱུའི་གསལ་བསྒྲགས་གནང་པར། རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་བོད་ཀྱི་གནད་དོན་ཁ་ལ་འཁྱེར་ནས་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱེད་རྒྱུ་མཚམས་འཇོགས་དགོས་ལུགས་བརྗོད་ཡོད་པ་རེད།