ཨ་རིའི་གཞུང་གིས་རྒྱ་ནག་གི་དཔོན་རིགས་མཐོ་གྲས་༢༤ལ་ཉེས་ཆད་བཀེལ་འདུག

ཨ་རི་དང་རྒྱ་ནག་གི་དཔོན་རིགས་བར་གྲོས་མོལ་གནང་ལ་ཉེ་བའི་སྐབས་ཨ་མི་རི་ཀས་རྒྱ་ནག་དང་ཧོང་ཀོང་གི་དཔོན་རིགས་མཐོ་གྲས་༢༤ཉེས་ཆད་བཀེལ་འདུག
དེ་ཡང་ཕྱི་ཟླ་༣ ཚེས་༡༧ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་སྲིད་འཛིན་སྐུ་ཞབས་འཇཱོ་སྦཡེ་ཌེན་(Joe Biden)གྱི་གཞུང་དང་རྒྱ་ནག་གི་དཔོན་རིགས་བར་ཐེངས་དང་པོ་གྲོས་མོལ་གནང་ལ་ཉེ་བའི་སྐབས། ཧོང་ཀོང་ནང་ཆབ་སྲིད་ཀྱི་རང་དབང་ཐོག་ལ་དྲག་གནོན་གྱི་བྱ་སྤྱོད་ལག་བསྟར་བྱེད་མཁན་གྱི་རྒྱ་ནག་གི་དཔོན་རིགས་དང་ཧོང་ཀོང་གི་དཔོན་རིགས་༢༤ལ་ཨ་མི་རི་ཀས་ཉེས་ཆད་བཀེལ་ཡོད་པ་རེད།
དེ་ནི་ཉེ་ཆར་ཚོགས་པའི་རྒྱ་ནག་མི་དམངས་འཐུས་མིའི་ཚོགས་ཆེན་ཟེར་བའི་ཐོག ཧོང་ཀོང་གི་འོས་བསྡུའི་ཁྲིམས་ལུགས་བསྒྱུར་བཅོས་གཏན་འབེབས་བྱས་པའི་རྗེས། ཨ་རིས་རྒྱ་ནག་དང་ཧོང་ཀོང་གི་འབྲེལ་ཡོད་དཔོན་རིགས་ཚོར་ཉེས་ཆད་བཏང་བ་ཞིག་ཡིན་པ་དང་། ཨ་རིའི་ཕྱི་སྲིད་དྲུང་ཆེ་ཡིས། རྒྱ་ནག་གཞུང་གིས་ཧོང་ཀོང་གི་འོས་བསྡུའི་ལམ་ལུགས་ལ་བསྒྱུར་བཅོས་བཏང་བ་ནི་གཏོར་བཤིག་བཏང་བ་དང་གཅིག་མཚུངས་རེད། དེས་ཧོང་ཀོང་གི་ཚད་མཐོའི་རང་སྲིད་རང་སྐྱོང་ལ་སྔར་ལས་ལྷག་པའི་རྡོག་རོལ་བཏང་བ་མ་ཟད། ཧོང་ཀོང་མི་མང་གི་རང་སྲིད་རང་སྐྱོང་གི་མངོན་འདོད་ཀྱང་འཕྲོག་པ་རེད་ཅེས་གསུངས་འདུག
རྒྱ་ནག་གཞུང་གིས་ཧོང་ཀོང་གི་འོས་བསྡུའི་ཁྲིམས་ལུགས་བསྒྱུར་བཅོས་བཏང་བ་དེ་ནི། ཧོང་ཀོང་ནང་རྒྱ་ནག་ལ་དགའ་ཞེན་ཅན་གྱི་དཔུང་ཁག་ཇེ་མང་དུ་བཏང་སྟེ། རྒྱ་ནག་གཞུང་ལ་དགའ་ཞེན་ཅན་གྱི་ཧོང་ཀོང་གི་གྲོས་ཚོགས་འཐུས་མི་མང་བ་བསྐོ་བཞག་བྱ་རྒྱུའི་ཆེད་དུ་དམིགས་པ་ཞིག་དང་། ལྷག་དོན་རྒྱ་ནག་གི་བྱ་སྤྱོད་ཀྱིས་ཧོང་ཀོང་ནང་ཐད་ཀར་འོས་འདེམས་བྱས་པའི་གྲོས་ཚོགས་ཀྱི་འཐུས་མིའི་གྲངས་ཀ་ཉུང་དུ་གཏོང་ཐབས་དང་། རྒྱ་ནག་གཞུང་ལ་ཁ་ཞེ་གཉིས་མེད་ཀྱི་དགའ་ཞེན་ཅན་གྱི་གྲོས་ཚོགས་ཀྱི་འཐུས་མིའི་གྲངས་ཀ་མང་དུ་གཏོང་ཐབས་བྱས་ནས། ཁོང་ཚོར་ཧོང་ཀོང་གི་ཆབ་སྲིད་དབང་བསྒྱུར་བྱ་རུ་བཅུག་སྟེ། ཧོང་ཀོང་གི་དམངས་གཙོ་དོན་གཉེར་ཅན་ནམ་རྒྱ་ནག་གཞུང་དང་ཆབ་སྲིད་ཀྱི་ལྟ་བ་མི་མཐུན་མཁན་རྣམས་ཆབ་སྲིད་ཀྱི་གོ་གནས་ནང་གོ་སྐབས་མེད་པ་བཟོ་རྒྱུའི་འཆར་གཞི་དང་དམིགས་ཡུལ་ཡིན་པའི་སྐོར་ཨེ་ཕེ་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་འདུག
འདི་ནི་ཨ་རིའི་སྲིད་གཞུང་གསར་པས་རྒྱ་ནག་ལ་ཉེས་ཆད་བཀེལ་བ་གསར་ཤོས་དེ་ཡིན་པ་རེད།
དེ་བཞིན་ཡང་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་(Antony Blinken)དང་། བདེ་སྲུང་དྲུང་ཆེ་(Lloyd Austin)རྣམ་གཉིས་ཀྱིས་ཉི་ཧོང་དང་ལྷོ་ཀོ་རི་ཡར་གཞུང་འབྲེལ་གཟིགས་སྐོར་གནང་རྗེས། རེས་གཟའ་ལྷག་པའི་ཉིན་གསར་འགོད་ལྷན་ཚོགས་ཐོག་རྒྱ་ནག་དང་བྱང་ཀོ་རི་ཡའི་དྲག་རྩུབ་ཀྱི་བྱ་སྤྱོད་ལ་གདོང་ལེན་བྱེད་རྒྱུ་ཡིན་པ་གཏམ་བཤད་གནང་འདུག
འདི་ཚེས་༡༨རེས་གཟའ་ཕུར་བུའི་ཉིན་ཨ་རིའི་མངའ་སྡེ་ཨ་ལཱ་སི་ཀ་(Alaska)ནང་། ཨ་རི་དང་རྒྱ་ནག་བར་འབྲེལ་ལམ་གྱི་གྲོས་མོལ་ཐོག་མ་དེ་གནང་འཆར་ཡོད་པ་དང་། སྐབས་དེར་རྒྱ་ནག་གི་ཕྱོགས་ནས་བྱ་སྤྱོད་ཁག་ཅིག་ལ་འགྱུར་བ་མ་བཏང་ན། ཨ་རི་དང་རྒྱ་ནག་གི་འབྲེལ་བ་ཡར་རྒྱས་འགྲོ་ཐབས་མེད་པའི་ལངས་ཕྱོགས་གསལ་སྟོན་བྱ་རྒྱུའི་འཆར་གཞི་ཡོད་པ་དང་། དེ་ནི་ཨ་རིའི་སྲིད་འཛིན་གསར་པ་སྐུ་ཞབས་(Joe Biden)གྱིས་གཞུང་འཛིན་གནང་རྗེས། ཨ་རི་དང་རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཕན་ཚུན་ཐུག་འཕྲད་ཐེངས་དང་པོ་ཆགས་ཀྱི་ཡོད་པ་རེད།