ཨ་རིས་ལྷོ་རྒྱ་ནག་རྒྱ་མཚོའི་རྩོད་རྙོག་ཐོག་ཉེན་བརྡ་བཏང་བ།

ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་ནས་ལྷོ་རྒྱ་ནག་རྒྱ་མཚོའི་མཚོ་གླིང་ཐོག་གི་རྩོད་རྙོག་ནི་ཞི་བདེ་བརྟན་ལྷིང་ལ་གནོད་རྒྱུའི་གཞི་ཞིག་རེད་ཅེས་གསུངས་བ།

2011.07.23

༄༅༎ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་ནས་ལྷོ་རྒྱ་ནག་རྒྱ་མཚོའི་མཚོ་གླིང་ཐོག་རྩོད་རྙོག་བྱུང་བ་དེ་ནི་ཞི་བདེ་བརྟན་ལྷིང་ལ་གནོད་སྐྱོན་འགྲོ་གཞི་ཞིག་རེད་ཅེས་གསུངས་ཡོད་འདུག

ཨིན་རྡོ་ནེ་ཤེ་ཡའི་མཚོ་གླིང་བྷ་ལིའི་ནང་ཚུགས་བཞིན་པའི་ལྷོ་ཤར་ཨེ་ཤ་ཡའི་མཐུན་ཕྱོགས་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་གྱི་ལྷན་ཚོགས་སུ་ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ ཁི་ལན་དྲན་མཆོག་གིས།

ཉེ་ཆར་ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་དང་ལྷག་པར་དུ་དེ་དག་གི་ཐོག་རྒྱ་ནག་གི་མཚོ་དམག་གྲུ་གཟིངས་བཏང་ནས་རང་སྣང་གང་དྲན་བྱེད་པའི་རྐྱེན་གྱིས་བདག་དབང་ཐོག་འཐབ་རྩོད་བྱེད་མཁན་ཁྱིམ་མཚེས་རྒྱལ་ཁབ་ཚོས་ངོ་རྒོལ་བྱས་པ་སོགས་ཀྱི་གནས་ཚུལ་བྱུང་བ་དེ་ནི་རྒྱ་མཚོའི་ཉེན་སྲུང་དང་། དཔལ་འབྱོར་དང་། ཚོང་འབྲེལ་གང་ས་ཅིའི་ཐད་གནོད་སྐྱོན་འགྲོ་གཞི་ཞིག་ཡིན་པ་མ་ཟདདེས་རང་བཞིན་གྱི་ཞི་བདེ་བརྟན་ལྷིང་ལ་དོ་ཕོག་ཐེབས་རྒྱུའི་ཉེན་ཁ་ཞིག་ཀྱང་རེད་ཅེས་གསུངས་ཡོད་པ་རེད།

ཡང་ལྷན་ཚོགས་དེའི་ཐོག་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཡང་ ཇེ་ཆིས། ལྷོ་རྒྱ་ནག་རྒྱ་མཚོའི་གནད་དོན་ཐོག་ད་ལྟའི་ཆར་ཞི་བདེ་ལྷིང་འཇགས་ཡོད་རེད་ལ་མུ་མཐུད་ནས་ང་ཚོ་མཉམ་རུབ་ཀྱི་ཐོག་ནས་གཏན་ལྷིང་ཡོང་ཐབས་བྱེད་དགོས་ཀྱི་རེད། རྒྱ་ནག་གི་ངོས་ནས་ཀྱང་ཨེ་ཤ་ཡའི་ནང་ཞི་བདེ་བརྟན་ལྷིང་ཡོང་ཐབས་སུ་ཞབས་འདེགས་ཞུ་རྒྱུ་ཡིན་ཞེས་གཏམ་བཤད་སྤེལ་ཡོད་འདུག

འོན་ཀྱང་ཕི་ལི་པིན་གྱི་ཕྱི་སྲིད་དྲུང་ཆེས། རྒྱ་ནག་དེང་སང་སྟོབས་ཆེན་རྒྱལ་ཁབ་ཅིག་ཏུ་གྱུར་གྱི་ཡོད་རེད། འོན་ཀྱང་དེར་གཞིགས་པས་འགན་ཡང་འཁྱཻར་དགོས་ཀྱི་རེད་ཅེས་གསུངས་ནས་རྒྱ་ནག་གི་ཕྱོགས་ནས་རྒྱ་མཚོའི་བདག་དབང་ཆ་ཚང་ཁོང་ཚོར་ཡོད་ལུགས་རྙོག་ཁྲ་བཤད་བཞིན་པ་དེ་ནི་ཁུངས་བདེན་མེད་པ་ཞིག་ཡིན་པའི་སྐོར་ཡང་འགྲེལ་བརྗོད་བྱས་ཡོད་པ་རེད།

གོང་དུ་ཞུས་པའི་ལྷོ་རྒྱ་ནག་རྒྱ་མཚོ་ཞེས་པ་དེའི་བདག་དབང་རྒྱ་ནག་ནས་ཆ་ཚང་ཡོད་ལུགས་བཤད་བཞིན་ཡོད་པ་དེ་ནི། རྒྱ་མཚོ་དེ་ནི་རང་འབྱུང་རྡོ་སྣུམ་བསྔོགས་བཏོན་བྱེད་ས་ཡོད་པ་གནད་འགག་ཆེན་པོ་ཞིག་ཆགས་ཀྱི་ཡོད་པར་བརྟེན་ཡིན་པ་རེད། འོན་ཀྱང་དེའི་ཐོག་ཁྱིམ་མཚེས་རྒྱལ་ཁབ་འགའ་ཤས་ནས་བདག་དབང་ཡོད་ཚུལ་རྩོད་ལེན་བྱེད་ཀྱི་ཡོད་པ་ཞིག་ཡིན་པ་རེད།

 

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎