ཨ་རིའི་སྲིད་འཛིན་གཞོན་པ་དང་རྒྱ་གར་གྱི་སྲིད་བློན་གཉིས་དབར་རྒྱལ་ཁབ་ཕྱོགས་གཉིས་ཀྱི་ཚོང་འབྲེལ་གྱི་གནད་དོན་ཐོག་གྲོས་མོལ་གནང་བཞིན་པ།

2025.04.21
ཨ་རིའི་སྲིད་འཛིན་གཞོན་པ་དང་རྒྱ་གར་གྱི་སྲིད་བློན་གཉིས་དབར་རྒྱལ་ཁབ་ཕྱོགས་གཉིས་ཀྱི་ཚོང་འབྲེལ་གྱི་གནད་དོན་ཐོག་གྲོས་མོལ་གནང་བཞིན་པ། ཨ་རིའི་སྲིད་འཛིན་གཞོན་པ་དང་ཁོང་གི་སྐུ་ཟླ་གཉིས་རྒྱ་གར་དུ་ཕེབས་འབྱོར་བྱུང་སྐབས། ༢༠༢༥།༠༤།༢༡ ཉིན།
Reuters

ཟླ་ ༤ ཚེས་ ༢༡ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩་༣༠ ཙམ་གྱི་ཐོག་ཨ་རིའི་སྲིད་འཛིན་གཞོན་པ་ཇེ་ཊི་ཝེན་སི་ (JD Vance) ལགས་རྒྱ་གར་དུ་ཉིན་གྲངས་བཞིའི་རིང་གི་གཞུང་འབྲེལ་འཚམས་གཟིགས་ཆེད་ཕེབས་འབྱོར་བྱུང་འདུག་ཅིང་། རྒྱ་གར་གྱི་ཕྱི་དྲོའི་ཆུ་ཚོད་ ༧།༢༧ ཐོག་རྒྱ་གར་གྱི་སྲིད་བློན་ན་རེནྡྲ་མོ་དྷི་ (Narendra Modi) ལགས་ཀྱི་གཟིམ་ཤག་ཏུ། སྲིད་བློན་མོ་དྷི་དང་ཐུག་འཕྲད་ཀྱིས་རྒྱལ་ཁབ་ཕྱོགས་གཉིས་ཀྱི་ཚོང་འབྲེལ་སོགས་གནད་དོན་གཞན་ཁག་གཅིག་གི་ཐོག་གྲོས་མོལ་གནང་བཞིན་ཡོད་པ་རེད་འདུག

ཨ་རིའི་སྲིད་འཛིན་གཞོན་པས་ལས་ཁུར་དམ་འབུལ་རྗེས། ཟླ་ ༤ ཚེས་ ༢༡ ནས་ ༢༢ བཅས་ཉིན་བཞིའི་རིང་རྒྱ་གར་དང་ལྷན་ཚོང་འབྲེལ་ཡར་རྒྱས་གཏོང་ཆེད་ཀྱི་གཞུང་འབྲེལ་ཕྱོགས་བསྐྱོད་དུ་ཕེབས་ཡོད་པ་ནི། རྒྱ་ནག་ལ་ལྷོ་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་གི་སྟོབས་ཤུགས་ཐད་འགྱུར་ལྡོག་འགྲོ་བཞིན་པའི་བརྡ་ལན་གསལ་པོ་གཏོང་གི་ཡོད་ཅེས་གནད་དོན་དབྱེ་ཞིབ་པ་ཚོས་འགྲེལ་བརྗོད་གནང་གི་འདུག

ཨ་རིའི་སྲིད་འཛིན་ཊམཔ་སྲིད་གཞུང་གིས་འདི་ལོའི་ཕྱི་ཟླ་ ༢ པར་རྒྱ་ནག་ལ་སྒོ་ཁྲལ་བརྒྱ་ཆ་ ༢༠ བཀལ་ཡོད་ཀྱང་། ཟླ་ ༤ ཚེས་ ༢ ཉིན་ཨེ་ཤེ་ཡའི་རྒྱལ་ཁབ་མང་དག་ཅིག་ལ་སྒོ་ཁྲལ་འཕར་མ་སྤར་སྐབས། རྒྱ་གར་ལ་སྒོ་ཁྲལ་བརྒྱ་ཆ་ ༢༦ བཀལ་ཏེ། ད་ཆ་ཉིན་དགུ་བཅུའི་རིང་བསྐྱར་ཞིབ་ཀྱི་དུས་ཚོད་འགྲོ་བཞིན་པའི་སྐབས་འདིར། ལྷོ་ཀོ་རི་ཡའི་ཕིན་ཏེཀ་སི(Pyeongtaek-si) གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་པཱར་ལའེ་ (Parley Policy Initiative) ཉམས་ཞིབ་ལྟེ་གནས་ཁང་གི་ལྷོ་ཨེ་ཤི་ཡའི་ཉམས་ཞིབ་སློབ་སྟོན་པ་ (Neeraj Singh Manhas) ལགས་ཀྱིས། ཐེངས་འདིའི་འཚམས་གཟིགས་དེས་རྒྱལ་ཁབ་གཉིས་དབར་ཚོང་འབྲེལ་ཐོག་གྲོས་མོལ་དང་ཐག་གཅོད་གང་མགྱོགས་དགོས་པ་ནི་གནད་འགག་ཅན་དུ་ངོས་འཛིན་བྱེད་ཀྱི་ཡོད་པ་གསལ་པོར་མངོན་ཐུབ་ཅིང་། ཨ་རིའི་སྲིད་འཛིན་གཞོན་པས་ཐབས་བྱུས་མཁས་པོའི་ཐོག་ནས་བསྐྱར་ཞིབ་ཀྱི་དུས་ཡུན་རིང་རྒྱ་གར་དུ་ཕེབས་པ་ཤིག་རེད་ཅེས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་། 

མ་ཟད་ནི་རཱཇ་ལགས་ཀྱིས།  ཨ་རིའི་གཞུང་ངོས་ནས་རྒྱ་གར་ནི་ (Quad) མཉམ་འབྲེལ་གྱི་ཚོགས་མི་གལ་ཆེན་ཞིག་ཏུ་ངོས་འཛིན་གྱིས། རྒྱ་གར་དང་འབྲེལ་ལམ་བཟང་དུ་གཏོང་ཐབས་བྱས་པ་དེས་ལྷོ་ཨེ་ཤེ་ཡའི་ནང་རྒྱ་ནག་གི་ཤུགས་རྐྱེན་ཆེ་རུ་འགྲོ་བཞིན་པ་དེ་བཞིན་འགོག་ཐབས་ཐད་ཁེ་ཕན་ཞིག་ཏུ་ངོས་འཛིན་དང་། ཨ་རྒྱ་གཉིས་དབར་ཚོང་དམག་ཇེ་ཆེར་འགྲོ་བཞིན་པའི་སྐབས་འདིར། ཨ་རིའི་སྲིད་འཛིན་གཞོན་པ་རྒྱ་གར་དུ་འཚམས་གཟིགས་སུ་ཕེབས་པ་དེས་རྒྱ་གར་གྱི་གལ་གནད་ཅིག་ཀྱང་གསལ་སྟོན་ཐུབ་ཀྱི་ཡོད་པ་འགྲེལ་བརྗོད་གནང་བྱུང་།

ཨ་རིའི་སྲིད་འཛིན་གཞོན་པའི་གཞུང་འབྲེལ་འཚམས་གཟིགས་འགོ་འཛུགས་ཀྱི་ཉིན་དང་པོར། རྒྱ་ནག་གི་ཚོང་འབྲེལ་ལྷན་ཁང་གིས་རྒྱལ་ཁབ་ཁག་ལ་ཨ་རི་དང་ལྷན། རྒྱ་ནག་ལ་གྱོང་གུན་བྱུང་སྲིད་པའི་དཔལ་འབྱོར་གྱི་གྲོས་མཐུན་འཇོག་མི་ཆོག་པའི་ཉེན་བརྡ་བཏང་ཡོད་པ་རེད།

རྒྱ་ནག་ལ་མཚོན་ན། སྲིད་འཛིན་ཞི་ཅིན་ཕིང་ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་ཝིཡེཏ་ནམ་ (Vietnam) དང་། ཁེམ་བྷོ་དྲི་ཡ་ (Cambodia) མ་ལེཡ་ཤི་ཡ་ (Malaysia) བཅས་སུ་ཕྱོགས་བསྐྱོད་ཀྱིས་ཚོང་འབྲེལ་ཤུགས་ཆེ་རུ་བཏང་སྟེ། རྒྱལ་ཁབ་དེ་དག་ནང་དཔལ་འབྱོར་གྱི་དཀའ་ངལ་འཕྲད་ཚེ། རྒྱ་ནག་གིས་རོགས་སྐྱོར་བྱ་འཆར་ཡོད་པའི་བརྡ་བཏང་ཡོད་པ་རེད་ལ། རྒྱ་ནག་གཞུང་ངོས་ནས་རྒྱ་གར་དང་གྲོགས་པོ་སྒྲིག་ཐབས་སུ། མི་དང་མིའི་འབྲེལ་ལམ་ཡང་རྒྱས་གཏོང་ཐབས་ཀྱིས་འདི་ལོའི་ཟླ་ ༤ ཚེས་ ༩ བར་རྒྱ་གར་མི་སེར་ ༨༥༠༠༠ ལ་རྒྱ་ནག་ཏུ་འགྲོ་བསྐྱོད་ཀྱི་མཐོང་མཆན་སྤྲོད་ཡོད་པའི་གསལ་བསྒྲགས་བྱས་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ནོར་འཛོམས།

རྩོམ་སྒྲིག་པ། བསྟན་འཛིན་པདྨ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎