ཨ་རིའི་གྲོས་ཚོགས་ནས་སློབ་ཆེན་ཁག་ཏུ་ཀོང་ཙེའི་བསྟི་གནས་ལ་དམ་དྲག་ཆེ་རུ་གཏོང་རྒྱུའི་གྲོས་ཆོད་བཞག་པ།
ཨ་རིའི་གྲོས་ཚོགས་ནས་གཙུག་ལག་སློབ་གཉེར་ཁང་ཁག་གི་ནང་ཀུང་རྩིའི་བསྟི་གནས་ཁག་གི་ཐོག་དམ་དྲག་ཇེ་ཤུགས་ཆེ་རུ་གཏོང་རྒྱུའི་སྤྱི་མོས་ཐོག་ནས་གྲོས་ཆོད་བཞག་ཐུབ་ཡོད་འདུག རུཡེ་ཀྲར་གསར་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། བདུན་ཕྲག་འདིའི་གཟའ་ཕུར་བུའི་ཉིན་ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་ནང་། ཨ་རིའི་གཙུག་ལག་སློབ་གཉེར་ཁང་ཁག་གི་ནང་རྒྱ་ནག་གི་མཐུན་འགྱུར་འོག་བཙུགས་པའི་ Confucius Institutes འམ་ཀུང་རྩིའི་བསྟི་གནས་ཁང་དེ་དག་གི་ཨ་རིའི་དབུས་གཞུང་ནས་རོགས་དངུལ་གནང་རྒྱུའི་ཐོག་དམ་དྲག་ཇེ་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་ལུགས་གསུངས་ཡོད་པ་དཔེར་ན་། གཙུག་ལག་སློབ་གཉེར་ཁང་དེ་དག་ནང་ཡོད་པའི་ཀུང་རྩིའི་བསྟི་གནས་ཁག་གི་ཐོག་བཏང་འཛིན་བྱེད་ཆོག་དང་ལས་བྱེད་བསྐོ་གཞག་བྱེད་རྒྱུའི་དབང་ཆ་ཆ་ཚང་ཡོད་དགོས་པ་དགོས་ཀྱི་ཡོད་ལུགས་འཁོད་ཡོད་འདུག འདས་པའི་དུས་ཡུན་གང་འཚམས་ཞིག་ནས་བཟུང་ཨ་རིའི་གཙུག་ལག་སློབ་གཉེར་ཁང་ནང་ཀུང་རྩིའི་བསྟི་གནས་དེ་དག་ནང་རྒྱ་ནག་གུང་བྲན་ཚོགས་པ་དང་ཡང་ན་རྒྱ་ནག་གཞུང་གི་རོགས་སྐྱོར་འོག་རྒྱ་མིའི་སྐད་ཡིག་དང་རིག་གཞུང་སློབ་སྦྱོང་སྤྲོད་ཀྱི་ཡོད་ལུགས་འགྲེལ་བཤད་རྒྱབ་ཀྱི་ཡོད་ཀྱང་། དེ་དག་གིས་ཨ་རིའི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་ལ་ཉེན་ཁ་ཆགས་ཀྱི་ཡོད་ལུགས་གསུངས་ཏེ་སྒོ་རྒྱབ་པ་དང་ཡང་ན་དེ་དག་གི་ཐོག་སྟངས་འཛིན་བྱེད་ཤུགས་ཆེ་རུ་གཏོང་གི་ཡོད་པ་རེད་།
གོང་དུ་ཨ་རིའི་གྲོས་ཚོགས་གོང་མའི་ནང་གྲོས་ཆོད་བཞག་པ་དེ་དག་ཨ་རིའི་གྲོས་ཚོགས་འོག་མའི་ནང་ལའང་གྲོས་འཆར་དེའི་ཐོག་གླེང་སློང་གནང་ཏེ་མོས་མཐུན་བྱུང་བ་ཡིན་ན་ཁྲིམས་ལ་གཏན་འབེབས་ཡོང་རྒྱུར་སྲིད་འཛིན་མཆོག་ནས་མཚན་རྟགས་བཀོད་གནང་དགོས་ཀྱི་ཡོད་པ་རེད་།
ཉེ་ཆར་ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་སྤྱི་ཁྱབ་དུ་འོས་དམིགས་བཏོན་གནང་བའི་སྐུ་ཞབས་ William Burns མཆོག་གིས་གནད་དོན་འདིའི་ཐད་། གལ་སྲིད་ཁོང་གཙུག་ལག་སློབ་གཉེར་ཁང་དང་མཐོ་རིམ་སློབ་གྲྭའི་འགན་འཛིན་ཡིན་ན་། ཀུང་རྩིའི་བསྟི་གནས་ཁང་སྒོ་རྒྱབ་རྒྱུའི་བསམ་འཆར་བཏོན་གནང་ས་རེད་ཅེས་གསུངས་ཡོད་པ་རེད་།
ཉིན་ཤས་གོང་ཨ་རིའི་ཡུ་ཏྲ་མངའ་སྡེའི་གྲོས་ཚོགས་འོག་མའི་ནང་དུའང་ཀུང་རྩིའི་བསྟི་གནས་ཁང་ཁག་སྒོ་རྒྱབ་དགོས་པའི་གྲོས་ཆོད་བཞག་པ་སོགས་གང་ལྟར་ཨ་རིའི་ནང་ཉེ་བའི་ཆར་ནས་བཟུང་རྒྱ་ནག་གུང་བྲན་ཚོགས་པས་རོགས་སྐྱོར་འོག་བཙུགས་པའི་ཀུང་རྩིའི་བསྟི་གནས་མང་དག་ཞིག་སྒོ་རྒྱབ་པ་འམ་ཡང་ན་ཁོང་ཚོའི་ཐོག་སྟངས་འཛིན་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་རེད་།