ཨ་རིའི་གྲོས་ཚོགས་འོག་མས་རྒྱ་ནག་དང་དཔལ་འབྱོར་ཐོག་འགྲན་སྡུར་རྣོ་ངར་ཆེ་རུ་གཏོང་རྒྱུའི་ཁྲིམས་འཆར་དེ་གཏན་འབེབས་གནང་ཡོད་པ།

2022.02.05
ཨ་རིའི་གྲོས་ཚོགས་འོག་མས་རྒྱ་ནག་དང་དཔལ་འབྱོར་ཐོག་འགྲན་སྡུར་རྣོ་ངར་ཆེ་རུ་གཏོང་རྒྱུའི་ཁྲིམས་འཆར་དེ་གཏན་འབེབས་གནང་ཡོད་པ། ཨ་མི་རི་ཀའི་གྲོས་ཚོགས་འོག་མས་རྒྱ་ནག་དང་དཔལ་འབྱོར་ཐོག་འགྲན་སྡུར་དེ་རྣོ་ངར་ཆེ་རུ་གཏོང་རྒྱུའི་ཁྲིམས་འཆར་དེ་པེ་ཅིང་གི་དགུན་དུས་ཀྱི་ཨོ་ལོམ་པིཀིསི་རྩེད་འགྲན་འགོ་བཙུགས་དང་མཉམ་དུ་གཏན་འཁེལ་གནང་ཡོད་པ།
ཨེ་ཤེ་ཡ་རང་དབང་རླུང་འཕྲྲིན་ཁང་།

ཟླ་འདིའི་ཕྱི་ཚེས་༤་རེས་གཟའ་པ་སངས་ཉིན། ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ནང་ America COMPETES Act of 2022 ཞེས་པའི་ཁྲིམས་འཆར་དེར་གྲོས་ཚོགས་ཀྱི་དམངས་གཙོ་ཚོགས་པའི་འཐུས་མི་གྲངས་ ༢༢༢ ཡིས་རྒྱབ་སྐྱོར་དང་དེར་སྤྱི་མཐུན་ཚོགས་པའི་འཐུས་མི་ ༢༡༠ ཡིས་དགག་ཆ་གནང་ནས་བར་ཁྱད་ཆུང་ངུ་ཞིག་གི་ཐོག་གཏན་འཁེལ་གནང་ཐུབ་པ་བྱུང་ཡོད་པ་རེད་འདུག ད་ཐེངས་ཀྱི་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ཁྲིམས་འཆར་དེའི་ནང་རྒྱལ་ཁབ་ཀྱི་ཚན་རིག་ཐོག་ཞིབ་འཇུག་དང་། ཡར་རྒྱས་འཛུགས་བསྐྲུན་ཆེད་དངུལ་ཨ་མི་རི་ཀའི་ཌྲོ་ལར་ཐེར་འབུམ་ ༣༠༠ གཏོང་གནང་རྒྱུའི་འཆར་གཞི་དང་། དེའི་ནང་སྣུམ་འཁོར་དང་གློག་ཀླད་འཕྲུལ་འཁོར་ནང་མཁོ་ཆེད་ semiconductor ཞེས་པའི་གློག་རྡུལ་གྱི་ཡོ་ཆས་ཐོག་ཞིབ་འཇུག་དང་བཟོ་བསྐྲུན་ཆེད་ཨ་སྒོར་ཐེར་འབུམ་ ༥༢ དང་། རྒྱལ་ཁབ་ནང་བཅའ་དངོས་ཁག་གི་ཐོན་སྐྱེད་དུས་ཐོག་བཟོ་བསྐྲུན་ཐུབ་རྒྱུར་མ་འོངས་པའི་ལོ་ངོ་དྲུག་གི་ནང་དངུལ་འབབ་དེ་ཌྲོ་ལར་ཐེར་འབུམ་ ༤༥ གཏོང་གནང་རྒྱུའི་འཆར་གཞི་ཡོད་པ་རེད་འདུག ཡང་གོང་ཞུས་ཀྱི་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ཁྲིམས་འཆར་དེའི་ནང་འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་སེལ་ཆེད་རྒྱལ་ཚོགས་ཀྱི་ Green Climate Fund ཞེས་པ་དེར་མ་གནས་ཨ་མི་རི་ཀའི་ཌྲོ་ལར་ཐེར་འབུམ་ ༨ ཞལ་འདེབས་གནང་རྒྱུ་ཡིན་པ་རེད་འདུག ཡིན་ནའང་ཨ་མི་རི་ཀའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འོག་མའི་འཐུས་མི་རྣམས་ཀྱིས་ད་ཐེངས་ཀྱི་ཁྲིམས་འཆར་དེར་ཁོང་རྣམ་པའི་དགོངས་འཆར་ཁག་ལ་དམངས་གཙོ་ཚོགས་པའི་ངོས་ནས་ངོས་ལེན་མ་གནང་བའི་སྐྱོན་བརྗོད་གནང་གི་ཡོད་པ་རེད་འདུག གོང་ཞུས་ཀྱི་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ནང་གི་ཁྲིམས་འཆར་ལྟར་ཨ་མི་རི་ཀའི་གྲོས་ཚོགས་གོང་མས་སྔ་ལོའི་ཕྱི་ཟླ་དྲུག་པའི་ནང་མང་མོས་ཐོག་གཏན་འཁེལ་གནང་ཡང་གྲོས་ཚོགས་གོང་འོག་གི་ཁྲིམས་འཆར་དེ་གཉིས་མཐུན་པ་ཞིག་བཟོ་རྒྱུར་ཟླ་ངོ་མང་པོ་བགོར་སྲིད་ནའང་སྲིད་འཛིན་ Joe Biden མཆོག་གིས་དེར་མཚན་རྟག་བཀོད་རྒྱུར་གྲ་སྒྲིག་ཨང་གསར་ཡོད་པའི་སྐོར་གཏམ་བཤད་གནང་ཡོད་པ་རེད་འདུག།
གསར་འགོད་པ། ། ལྷུན་གྲུབ་ཚེ་རིང།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎