བོད་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་དགོས་པར་ཡིད་ཆེས་གནང་གི་ཡོད་ཅེས་ཨ་རིའི་གྲོས་ཚོགས་འོག་མིའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོས་རྡ་རམ་ས་ལར་གསུངས་སོང་།

ཨ་མི་རི་ཀའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་མཱ་ཡེ་ཁུལ་མུ་ཁོལ་ལགས་ནས་སྣེ་ཁྲིད་གནང་སྟེ། ཨ་མི་རི་ཀའི་སྤྱི་མཐུན་ཚོགས་པ་དང་མང་གཙོ་ཚོགས་པ་གཉིས་ཀའི་སྐུ་ཚབ་ཀྱི་གྲོས་ཚོགས་འཐུས་མིའི་ཚོགས་ཆུང་ཞིག སྤྱི་ཟླ་ ༦ པའི་ཚེས་ ༡༨ ཉིན་བཞུགས་སྒར་རྡ་རམ་ས་ལར་འབྱོར་པ་དང་བསྟུན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་གཟིགས་སྐོར་གནང་སྟེ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་དང་། བཀའ་བློན་དང་སྤྱི་འཐུས་རྒྱུན་ལས་རྣམ་པ་བཅས་ནས་ཕེབས་བསུ་ཞུས་པ་དང་མཚུངས་སུ། ཨ་མི་རི་ཀའི་གྲོས་ཚོགས་འཐུས་མིའི་ཚོགས་ཆུང་དེའི་ཚོགས་གཙོ་སྐུ་ཞབས་མཱ་ཡེ་ཁུལ་མུ་ཁོལ་ལགས་ནས། བོད་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་དགོས་པར་ཡིད་ཆེས་གནང་གི་ཡོད་པར་གསུང་དོན་ལ། ཁོང་གིས་ཉེ་ཆར་ཨ་མི་རི་ཀའི་གྲོས་ཚོགས་སུ་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་གཏན་འབེབས་བྱུང་བ་ངོ་སྤྲོད་དང་འབྲེལ། བོད་ལ་རང་ཐག་རང་གཅོད་ཀྱི་ཁ་ཕྱོགས་སུ་འགྱུར་བ་འགྲོ་བཞིན་པ་ནི། ཨ་མི་རི་ཀའི་གྲོས་ཚོགས་ནང་སྲིད་ཇུས་ཀྱི་འགྱུར་བ་གཙོ་བོ་ཞིག་ཡིན་པ་དང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མི་རིགས་དང་རྒྱལ་ཁབ་སུ་ལའང་རང་ཐག་ཪང་གཅོད་ཀྱི་ཐོབ་ཐང་ཡོད་གསུང་བ་ཇི་བཞིན། ང་ཚོས་བོད་ལའང་རང་ཐག་རང་གཅོད་ཀྱི་ཐོབ་ཐང་དགོས་པར་ཡིད་ཆེས་ཡོད་པ་དང་། བོད་མི་ཚོ་བཙན་བྱོལ་ནང་མང་གཙོའི་ལམ་ལུགས་སུ་འགྲོ་བཞིན་པར་ཁོ་རང་དགའ་སྤོབས་ཆེན་པོ་ཡོད་ཅེས་གསུང་གི་འདུག་ཅིང་།
གཞན་ཡང་ཁོང་ཚོའི་ཚོགས་ཆུང་དེའི་ནང་གི་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་ནན་སི་ཕི་ལོ་སི་མཆོག་ནས་ཀྱང་། ཨ་རིའི་གྲོས་ཚོགས་ནང་བོད་དོན་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཐོག་མུ་མཐུད་ཤུགས་སྣོན་གནང་ཡོད་པ་འགྲེལ་བརྗོད་གནང་གི་འདུག
ཁོང་ཚོས་བར་སྐབས་བོད་ནང་གཟིགས་སྐོར་སྐབས་རྩེ་ཕོ་བྲང་དུ་༧གོང་ས་མཆོག་གི་གཟིམ་ཆུང་སོགས་མཇལ་ཏེ་ཧ་ཅང་དགའ་ཚོར་གྱིས།ནམ་ཞིག་ཁོང་ཕྱིར་ཕེབས་ཀྱི་གུས་འདུད་སྨོན་ལམ་འདེབས་རྒྱུ་བྱུང་བ་དང་། མགོན་པོ་མཆོག་གིས་འཛམ་གླིང་ལ་ཞི་བདེ་དང་སེམས་བཟང་པོ་ཡོང་བའི་དབུགས་དབྱུང་ཆེན་པོ་སྩལ་པ་མ་ཟད། ༧གོང་ས་མཆོག་ནི་ཁོར་ཡུག་སྐོར་བཀའ་མོལ་གནང་མཁན་གྱི་ནོ་སྦེལ་བྱ་དགའ་བཞེས་མི་ཐོག་མ་དེ་ཡིན་པ། སང་ཉིན་ཇེམ་མེཀ་གྷོ་ཝིན་ནི་མཆོག་ནས།ཁོང་གིས་རྒྱ་ནག་ལས་དོན་ཚོགས་ཆུང་དང་འགྲོ་བ་མིའི་ཐོབ་ཐང་ལས་དོན་ཚོགས་ཆུང་བཅས་སུ། བོད་དོན་སྐོར་དོ་གལ་ཆེན་པོར་བརྩིས་ཏེ་ལས་དོན་གནང་བའི་སྐོར་ངོ་སྤྲོད་གནང་གི་རེད་ཅེས་གསུང་བཤད་གནང་སོང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ནས་ཀྱང་། གྲོས་ཚོགས་འཐུས་མི་རྣམ་པས་གཟིགས་སྐོར་འདི་ནི་རྒྱ་ནག་ལ་བརྡ་ལན་ཧ་ཅང་ནན་པོ་ཞིག་ཡིན་པ་གསལ་སྟོན་གནང་གི་འདུག
ཁོང་གིས་ཨ་མི་རི་ཀའི་གྲོས་ཚོགས་འཐུས་མི་ཚོས་བཞུགས་སྒར་དུ་ཆེད་ཕེབས་གཟིགས་སྐོར་གནང་བ་ནི། རྒྱ་ནག་གཞུང་ལ་བརྡ་ལན་ཧ་ཅང་ནན་པོ་ཞིག་ཡིན་པ་དང་། བོད་ནང་བོད་མི་ཚོར་ཆབ་སྲིད་དང་དཔལ་འབྱོར། ཆོས་དང་སྐད་ཡིག་གི་ཐོབ་ཐང་། འགྲོ་འདུག་དང་གཏམ་བརྗོད་རང་དབང་སོགས་ལ་དྲག་གནོན་ཚབས་ཆེན་བྱེད་ཀྱི་ཡོད་པས། གྲོས་ཚོགས་འཐུས་མི་རྣམ་པས་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་རོགས་ཀྱི་འབོད་སྐུལ་གནང་གི་འདུག ཡང་བོད་མི་མང་སྤྱི་འཐུས་ཚོགས་གཞོན་བཀྲས་ཁང་སྒྲོལ་མ་ཚེ་རིང་ལགས་ནས་ཀྱང་སྤྱི་འཐུས་ལྷན་ཚོགས་ཀྱི་འཕེལ་རིམ་ངོ་སྤྲོད་གནང་ཡོད་པ་དང་།
ཨ་མི་རི་ཀའི་གྲོས་ཚོགས་འཐུས་མི་བདུན་གྱིས་གྲུབ་པའི་ཚོགས་ཆུང་དེས། བོད་མི་མང་སྤྱི་འཐུས་ལྷན་ཁང་དང་བོད་ཀྱི་འགྲེམས་སྟོན་ཁང་བཅས་སུ་གཟིགས་ཞིབ་གནང་ཡོད་པ་མ་ཟད། སྤྱི་ཚེས་ ༡༩ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཁོང་ཚོ་ལ་གཞུང་འབྲེལ་ཆེ་བསྟོད་མཛད་སྒོ་ཚོགས་རྒྱུ་དང་། བོད་མིའི་དབུ་ཁྲིད་༧གོང་ས་མཆོག་ལ་མཇལ་ཁ་ཞུས་ཏེ་བོད་དོན་བཀའ་མོལ་ཞུ་འཆར་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།