ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་རྒྱ་ནག་ནི་དམིགས་བསལ་དོ་སྣང་བྱེད་དགོས་པའི་རྒྱལ་ཁབ་ཏུ་ངོས་འཛིན་དང་། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག

2025.03.25
ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་རྒྱ་ནག་ནི་དམིགས་བསལ་དོ་སྣང་བྱེད་དགོས་པའི་རྒྱལ་ཁབ་ཏུ་ངོས་འཛིན་དང་། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག ལྷ་སའི་དགའ་ལྡན་དགོན་པའི་འདུ་ཁང་དུ་བོད་པའི་དགེ་འདུན་པ་ཞིག་གི་པར་རིས། ༢༠༡༤།༠༣།༡༩ ཉིན།
Reuters

ཟླ་ ༣ ཚེས་ ༢༥ ཉིན་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ (US Commission on International Religious Freedom - USCIRF) ཀྱིས་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ལོ་འཁོར་སྙན་ཐོ་ཞིག་འདོན་སྤེལ་གནང་ཡོད་པའི་ནང་། རྒྱ་ནག་གཞུང་གིས་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་སོགས་བསྟུད་མར་བྱེད་བཞིན་པ་གསལ་སྟོན་གྱིས་རྒྱ་ནག་དེ་བཞིན་"དམིགས་བསལ་དོ་སྣང་བྱེད་དགོས་པའི་རྒྱལ་ཁབ་" (Countries of Particular Concern - CPCs) ཁོངས་སུ་མུ་མཐུད་བཅུག་ཡོད་པ་བསྒྲགས་ཤིང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ཀྱི་གནད་དོན་སོགས་ཀྱི་ཐད་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག

དེ་ཡང་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་མི་ (Asif Mahmood) ལགས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་དོན་ལ། འདི་ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་དགུ་བཅུར་ཕེབས་ཀྱི་ཡོད་པའི་གནད་འགག་ཅན་གྱི་དུས་ཚིགས་དང་བསྟུན། མ་འོངས་མགོན་པོ་མཆོག་གི་སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་གཟིགས་ཞིབ་གནང་མཁན་ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་རྒྱུ་ནི་གལ་འགངས་ཆེན་པོར་ངོས་འཛིན་དགོས་པ་རེད་ཅེས་དང་།

སྤྱིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཚེ་ཧྲིལ་པོར་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཐད་མཛད་འཕྲིན་རླབས་ཆེན་གྲུབ་པར་ཡི་རངས་བསྔགས་བརྗོད་ཞུ་ཞེས་དང་། རྒྱ་ནག་གཞུང་འབྲེལ་མི་སྣ་ཚོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ཕེབས་ཕྱོགས་ཐད་ཐེ་བྱུས་ཀྱིས། རྒྱ་ནག་གཞུང་གི་འདོད་མོས་ཡོད་པའི་གང་ཟག་ཅིག་བསྐོ་གཞག་བྱ་འཆར་ཡོད་ཀྱང་། གནད་དོན་དེར་དོ་སྣང་བྱ་རྒྱུ་ནི། ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཙམ་དུ་མ་ཟད་ཨ་རིའི་གཞུང་གཙོ་བོ་གྱུར་བའི་རྒྱལ་སྤྱི་ཁྱོན་ཡོངས་ལ་འགན་འཕར་མ་ཡོད་པ་རེད། གཙོ་བོ་ཨ་རིའི་ངོས་ནས་དཔལ་འབྱོར་གྱི་སྲིད་དོན་ཉེས་ཆད་དང་། ཕྱི་ཕྱོགས་སུ་འགྲོ་བསྐྱོད་བཀག་སྡོམ་སོགས་བེད་སྤྱད་ཀྱིས་དེར་གདོང་ལེན་བྱ་དགོས་ཤིང་། གལ་ཏེ་དེ་ལྟར་མ་ཐུབ་ཚེ་འགྲོ་བ་མི་སྤྱི་ཡོངས་ལ་དོ་ཕོག་ཆེན་པོ་འགྲོ་ངེས་རེད་ཅེས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

གཞན་ཡང་ (Asif Mahmood) ལགས་ཀྱིས། ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ (USCIRF) ངོས་ནས་ཕྱི་ལོ་ ༢༠༢༥ ལོར་རྒྱ་ནག་དེ་བཞིན་"དམིགས་བསལ་དོ་སྣང་བྱེད་དགོས་པའི་རྒྱལ་ཁབ་" (Countries of Particular Concern - CPCs) ཁོངས་སུ་མུ་མཐུད་བཞག་དོན་ནི། རྒྱ་ནག་གཞུང་ནས་གདུག་རྩུབ་དང་། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་སོགས་བསྟུད་མར་བྱེད་བཞིན་པར་བརྟེན་ཡིན། ང་ཚོས་ཨ་རའི་གྲོས་ཚོགས་ཀྱིས་རྒྱ་ནག་གཞུང་ནས་རྒྱལ་མཚམས་བརྒལ་བའི་དྲག་གནོན་སྤེལ་བཞིན་པར་གདོང་ལེན་དགོས་པའི་འབོད་སྐུལ་ཞུས་ཡོད། ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ (USCIRF) ངོས་ནས་དུས་ཡུན་རིང་བོར་རྒྱ་ནག་དེ་བཞིན་དམིགས་བསལ་དོ་སྣང་བྱེད་དགོས་པའི་རྒྱལ་ཁབ་(CPCs)ཁོངས་སུ་བཅུག་ཡོད་ཀྱང་། དགོས་ངེས་ཀྱི་གྲུབ་འབྲས་དང་འགྱུར་བ་གང་ཡང་ཕྱིན་མེད་པར་བརྟེན། ང་ཚོའི་ངོས་ནས་ཨ་རིའི་སྲིད་གཞུང་དང་གྲོས་ཚོགས་གཉིས་ལ། རྒྱལ་སྤྱིའི་ཁྲོད་མཉམ་ལས་ཐོག དཔལ་འབྱོར་གྱི་སྲིད་དོན་ཉེས་ཆད་སོགས་བཀལ་ཏེ་ལས་དོན་དེ་རིགས་འགོག་ཐབས་དགོས་པ་བརྗོད་ཡིན། གལ་ཏེ་ང་ཚོས་ལག་བསྟར་དང་གྲུབ་དོན་གང་ཡང་མེད་པའི་ལས་དོན་གཉེར་ཚེ། མ་འོངས་གཉའ་གནོན་འོག་ཡོད་པའི་མི་ས་ཡ་མང་པོའི་འཚོ་བར་དོ་ཕོག་འགྲོ་ངེས་རེད་ཅེས་གསུངས་བྱུང་།

Photo 1.JPG
རྒྱ་ནག་གི་ཉེན་རྟོག་པ་ཁག་གཅིག་རོང་བོ་དགོན་པའི་ནང་དུ་འཛུལ་ཆེད་སྐས་འཛེགས་ཐོག་འཛེགས་སྐབས་ནང་པའི་དགེ་འདུན་པ་ཞིག་གིས་གཟིགས་བཞིན་པའི་པར་རིས། ༢༠༠༨།༠༥།༠༡ ཉིན། Reuters

ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ (USCIRF)་གིས་སྙན་ཐོ་འདོན་སྤེལ་གནང་བ་དེའི་ནང་། ཨ་རིའི་སྲིད་འཛིན་ཊམཔ་སྲིད་གཞུང་ལ་ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་ཤེས་འཇོན་གཉིས་ལྡན་གྱི་བྱང་ཀོ་རི་ཡའི་ཁུལ་གྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཐད་ལས་བྱེད་དང་། བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གིས། དཔལ་འབྱོར་དང་ལས་བྱེད་སོགས་ཀྱི་མཐུན་འགྱུར་མཁོ་སྤྲོད་བརྒྱུད་རྒྱལ་སྤྱིའི་སྤྱི་ཚོགས་སུ་སྙོབ་ཐབས་སུ་རོགས་སྐྱོར་དགོས་པ་དང་། ཨ་རིའི་གཞུང་ནས་དམིགས་བསལ་དོ་སྣང་བྱེད་དགོས་པའི་རྒྱལ་ཁབ་(CPCs)ཀྱི་སྲིད་བྱུས་ལ་བཅོས་བསྒྱུར་གྱིས། རྒྱལ་ཁབ་དེ་དག་གི་ཐོག་ལག་བསྟར་གང་ཞིག་བྱ་རྒྱུར་བློས་གཏོང་དགོས་པའི་འབོད་སྐུལ་ཞུས་འདུག

མ་ཟད་དེ་བཞིན་སྙན་ཐོ་དེའི་བརྒྱུད་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས། ཨ་རིའི་གྲོས་ཚོགས་ངོས་ནས་ཕྱིའི་རྒྱལ་ཁབ་ཁག་གིས། གནས་ཚུལ་འཁྱོག་བཤད་ཁྱབ་སྤེལ་དང་མི་བཟོས་རིག་ནུས་སོགས་འཕྲུལ་རིགས་བཀོལ་སྤྱོད་བརྒྱུད། ཉམ་ཆུང་དང་དྲག་སྤྱོད་འོག་ཏུ་ཚུད་སླ་བའི་མི་སྡེ་ཁག་ལ་དམིགས་ཏེ་ཆོས་དད་རང་དབང་རྡོག་རོལ་སོགས་ཀྱི་བྱ་སྤྱོད་སྤེལ་བར་ཁ་གཏད་གཅོག་དགོས་ཞེས་དང་། གཞུང་འཛིན་རྩིས་ཞིབ་ལས་ཁུངས་སུ་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་དངུལ་རྩིས་དང་མཐོང་མཆན་གྱི་དབང་ཚད་བེད་སྤྱད་ཀྱིས་ཆོས་དད་རང་དབང་ལ་གནོད་འཚེ་ཚབས་ཆེ་གཏོང་མཁན་ཚོར་ཁྲིམས་འགལ་དུ་ངོས་འཛིན་གྱིས་བདའ་འདེད་དགོས་པ། གྲོས་ཚོགས་འཐུས་མི་ཚོས་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་ངོས་འཛིན་བྱས་པའི་དམིགས་བསལ་དོ་སྣང་བྱེད་དགོས་པའི་རྒྱལ་ཁབ་(CPCs)སོགས་སུ་ཆོས་དད་རང་དབང་གི་དངོས་ཡོད་གནས་སྟངས་མཁྱེན་རྟོགས་སླད་སྐོར་སྐྱོད་དགོས་པ། ཨ་མི་རི་ཀའི་ནང་རྒྱ་ནག་གཞུང་དང་དེ་འབྲེལ་ཚོང་ལས་སྡེ་ཁག་གི་ངོ་ཚབ་བྱས་ཏེ་ཨ་རིའི་ནང་ཆོས་དད་རང་དབང་དང་འབྲེལ་བའིའགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བྱེད་བཞིན་པ་རིགས་ལ་བཀག་སྡོམ་དགོས་རྒྱུ། དེ་བཞིན་ཨ་­རིའི་­གྲོས་­ཚོགས་­འཛིན་­སྐྱོང་­ལྷན་­ཚོགས་­དང་། ཨ་­རི་­དང་­རྒྱ་­ནག་­གི་­དཔལ་­འབྱོར་­དང་­བདེ་­འཇགས་­ཞིབ་­བཤེར་­ལྷན་­ཚོགས། དེ་བཞིན་­རྒྱ་­ནག་­དམར་­ཤོག་­ཚོགས་­པའི་­འདེམས་­བསྐོ་­ལྷན་­ཚོགས་­བཅས་­ཀྱི་འཐུས་མིའི་དབར་གྲོས་མོལ་ཚོགས་འདུ་དང་སྐོར་སྐྱོད་སོགས་བརྒྱུད་རྒྱ་ནག་ནང་གི་ཆོས་དད་རང་དབང་གི་གནས་སྟངས་གོང་མཐོར་གཏོང་དགོས་པ་བཅས་བཀོད་འདུག

གཞན་ཡང་སྙན་ཐོ་དེའི་ནང་རྒྱ་ནག་གཞུང་གིས་བོད་ནང་གི་ཆབ་མདོ་ཁུལ་དུ་དགོན་སྡེ་ཁག་གི་ནང་གྲྭ་པ་གསར་བཞུགས་བཀག་འགོག་དང་། ལྷ་སར་ས་ག་ཟླ་བའི་སྐབས་ཆོས་ཕྱོགས་དང་འབྲེལ་བའི་བྱ་བར་བཀག་སྡོམ། ཟི་ཁྲོན་ཁུལ་གྱི་ཡུལ་མི་རྣམས་ཀྱི་ཁང་ཁྱིམ་གྱི་ཕྱི་རོལ་དུ་ཆོས་ཕྱོགས་དང་འབྲེལ་མཚོན་རྟགས་བཀོད་པར་དམ་དྲག བོད་པའི་དགོན་སྡེ་ཁག་བཙན་གྱིས་སྒོ་བརྒྱག་ཏུ་བཅུག་སྟེ། ཕྲུ་གུ་རྣམས་བཅའ་སྡོད་སློབ་གྲྭར་བཙན་བཅུག བོད་མི་ཚོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐོར་གླེང་ཚེ་འཛིན་བཟུང་བཙན་ཁྲིད་དང་། རྒྱ་ནག་དཔོན་རིགས་ཚོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་ཐད་བྱུས་བྱ་འཆར་ཡོད་པའི་ཐོག་གལ་ཏེ་གང་ཟག་སུ་འདྲ་ཞིག་གིས་ངོ་རྒོལ་བྱས་ཚེ་ཉེས་ཆད་བཀལ་གྱི་ཡོད་པ་སོགས། བོད་ནང་རྒྱ་ནག་གཞུང་གིས་སྤེལ་བཞིན་སྲིད་བྱུས་ཁག་གཅིག་ཀྱང་ཐེར་འདོན་གནང་འདུག་པ་མ་ཟད། ཕྱི་ལོ་ ༢༠༢༤ ལོར་རྒྱ་ནག་ཏུ་ཆོས་དད་རང་དབང་གི་གནས་སྟངས་ནི་འཛམ་གླིང་གི་ཆོས་དད་རང་དབང་ཆེས་ཞན་པའི་ནང་ཚུད་ཡོད་ཅིང། རྒྱ་ནག་དམར་ཤོག་གི་འགོ་ཁྲིད་ཞི་ཅིན་ཕིང་གིས་རྒྱ་ནག་ནང་གི་ཆོས་ལུགས་གཞན་ཚོ་རྒྱ་སྒྱུར་བྱས་ཐབས་ཀྱི་སྲིད་ཇུས་མུ་མཐུད་ལག་བསྟར་ཤུགས་ཆེ་བྱེད་བཞིན་ཡོད་པ་གསལ་སྟོན་དང་སྦྲགས། རྒྱ་ནག་གིས་མུ་མཐུད་ཆོས་དང་འབྲེལ་བའི་དགོན་པ་དང་ལྷ་ཁང་སོགས་སུ་ལྟ་སྲུང་ནན་པོ་བྱས་བཞིན་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་ཡུ་གུར་བ་དང་བོད་མི་ཚོས་རྒྱ་ནག་གཞུང་གིས་སྤེལ་བཞིན་པའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་སྐོར་གླེང་རྒྱུར་བཀག་སྡོམ་བྱེད་ཆེད། ས་གནས་སུ་ཡོད་པའི་འབྲེལ་ཡོད་ནང་མིར་ལྟ་སྲུང་དང་སྡིགས་སྐུལ་བྱེད་བཞིན་ཡོད་པ་སོགས་ནི།  རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་དང་འཁྱོག་བཤད་ཁྱབ་སྤེལ་བརྒྱུད་ཆོས་དད་རང་དབང་གཙོ་བོ་གྱུར་བའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བ་ཞིག་ཡིན་པ་སོགས་གསལ་སྟོན་བྱས་འདུག

ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་(USCIRF)ཀྱི་ཕྱི་ལོ་ ༢༠༢༥ ལོའི་སྙན་ཐོ་དེ་བཞིན། ཕྱི་ལོ་ ༢༠༢༤ ལོའི་ནང་རྒྱལ་ཁབ་ ༢༨ ནང་ཆོས་དད་རང་དབང་ལ་འགལ་འཛོལ་དང་ཡར་རྒྱས་བྱུང་ཡོད་མེད་ཐོག ལྷན་ཚོགས་དེས་ལོ་འཁོར་མོ་གཅིག་རིང་ཉན་ཞིབ་དང་ཚོགས་འདུ། གནས་ཚུལ་སྙན་སྒྲོན་སོགས་ཞིབ་འཇུག་རིམ་པས་བརྒྱུད། འཐུས་མི་མང་མོས་ཀྱིས་མོས་མཐུན་ཐོག་གཏན་འབེབས་གནང་བ་ཞིག་རེད་འདུག་ལ། རྒྱལ་སྤྱིའི་ཆོས་དད་རང་དབང་གི་བཅའ་ཁྲིམས་དགོངས་དོན་བཞིན་གཏན་འབེབས་བྱུང་བའི་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ནི། ཨ་རིའི་གཞུང་གི་རང་དབང་ཅན་དང་ཨ་རིའི་ཕྱི་འབྲེལ་ལས་ཁུངས་དང་ཐ་དད་ཀྱི་ལྷན་ཚོགས་ཤིག་ཡིན་ཞིང་། དེས་རྒྱལ་སྤྱིའི་ཆོས་དད་རང་དབང་གི་གནས་སྟངས་སྤྱི་ལ་ལྟ་ཞིབ་ཀྱིས་ཨ་རིའི་སྲིད་གཞུང་དང་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ། གྲོས་ཚོགས་བཅས་ལ་དེ་འབྲེལ་སྙན་གསེང་ཞུ་ཡི་ཡོད་པ་རེད།

གསར་འགོད་པ། རྡོ་རྗེ་སྒྲོལ་མ། བདེ་སྐྱིད་ཀུན་སྒྲོལ།

རྩོམ་སྒྲིག་པ། བསྟན་འཛིན་པདྨ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།




བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎