ཨ་རི་དང་རྒྱ་ནག་གི་དཔོན་རིགས་མཇལ་འཕྲད་སྐབས་ཕན་ཚུན་དབར་གོ་ནོར་ཐེབས་པའི་ཉེན་ཁ་ཡོད་པའི་ཉེན་བརྡའི་ཐོག་ནས་འགོ་འཛུགས་གནང་འདུག

2024.04.26
ཨ་རི་དང་རྒྱ་ནག་གི་དཔོན་རིགས་མཇལ་འཕྲད་སྐབས་ཕན་ཚུན་དབར་གོ་ནོར་ཐེབས་པའི་ཉེན་ཁ་ཡོད་པའི་ཉེན་བརྡའི་ཐོག་ནས་འགོ་འཛུགས་གནང་འདུག
AP

ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ Antony Blinken མཆོག་གིས་རེས་གཟའ་པ་སངས་ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཆིང་ཕིང་དང་དཔོན་རིགས་གཞན་རྣམས་དང་མཇལ་འཕྲད་གནང་སྐབས་ཨ་མི་རི་ཀ་དང་རྒྱ་ནག་བར་གྱི་འབྲེལ་ལམ་དང་། དེ་བཞིན་ཨེ་ཤི་ཡའི་མངའ་ཁུལ་དང་འཛམ་བུ་གླིང་སྤྱིའི་ཐོག་གི་མཐུན་མིན་གྱི་གནད་དོན་ཁག་གི་ཐོག་གླེང་སློང་གནང་ཡོད་པ་མ་ཟད་ཕན་ཚུན་བར་གོ་ནོར་དང་རྩིས་ནོར་ཐེབས་པའི་ཉེན་ཁ་ཡོད་པའི་ཉེན་བརྡ་ཡང་བཏང་གནང་ཡོད་པ་རེད་འདུག    དེ་ཡང་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ Antony Blinken མཆོག་གིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་དང་མཇལ་འཕྲད་མ་གནང་གོང་དེར་ཁོང་གིས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་དང་རྒྱ་ནག་གི་བདེ་སྲུང་བློན་ཆེན་ Wang Xiao Hong དང་མཇལ་འཕྲད་གནང་ཡོད་ཅིང་།   ཁོང་གིས། ང་ཚོའི་རྒྱག་ཁབ་གཉིས་བར་འབྲེལ་ལམ་ཤུགས་ཆེ་རུ་དང་མུ་མཐུད་ནས་ཉར་རྒྱུར་ཆོད་སེམས་གཏན་པོ་ཡོད། འབྲེལ་ལམ་ཡར་རྒྱས་བཏང་བ་ཡིན་ན་ཕན་ཚུན་བར་བརྡ་ལན་ནོར་བ་དང་། བསམ་བློ་གཏོང་ཕྱོགས་གོ་ནོར་བ་དང་རྩིས་ནོར་ཐེབས་རྒྱུར་སྔོན་འགོག་གནང་ཐུབ་ཀྱི་རེད་ཅེས་གསུངས་ཡོད་པ་རེད་འདུག    རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་ཡིས་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ Blinken དང་ཆུ་ཚོད་ལྔ་དང་ཕྱེད་ཀ་ཙམ་རིང་བཀའ་མོལ་གནང་བའི་རྗེས།  རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བ་སྤྱིའི་ཐོག་བརྟན་པོ་ཞིག་ཡོང་རྒྱུར་གྲོས་མོལ་གནང་འདུག ཨ་རི་དང་རྒྱ་ནག་གི་དཔོན་རིགས་བར་གྱི་མཇལ་འཕྲད་ཀྱི་བཀའ་མོལ་ཁག་གི་ནང་ཐེ་ཝན་དང་། ལྷོ་རྒྱ་ནག་རྒྱ་མཚོ། ཚོང་འབྲེལ། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན། རྒྱ་ནག་གིས་ར་ཤི་ཡར་ཡུཀ་རན་གྱི་དམག་འཐབ་ཐོག་རྒྱབ་སྐྱོར་དང་རྒྱ་ནག་ནས་མྱོ་རྫས་རིག་ཕྱིར་ཚོང་བྱེད་པའི་དཀའ་རྙོག་ཁག་གི་ཐོག་གྲོས་མོལ་གནང་ཡོད་པ་རེད་འདུག ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨེན་ཊོ་ནི་སྦལིན་ཀེན་(Antony Blinken)་མཆོག་ཕྱི་ཟླ་༤ཚེས་༢༤ཉིན་རྒྱ་ནག་ཏུ་མ་ཕེབས་གོང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཡིག་ཐོག་གསལ་བཤད་གནང་བྱུང་ལ། ལན་འདེབས་དེའི་ནང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མཐོ་རིམ་དཔོན་རིགས་ཀྱིས་༧པཎ་ཆེན་རིན་པོ་ཆེའི་གནད་དོན་ཐད་གོ་སྐབས་ནམ་བྱུང་ལ་མུ་མཐུད་གླེང་སློང་གནང་རྒྱུ་ཡིན་པ་བཀོད་འདུག བོད་མིའི་སྒྲིག་འཛུགས་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོའི་མཁན་རིན་པོ་ཆེ་༧སྐྱབས་རྗེ་གཟིགས་རྒྱབ་སྤྲུལ་སྐུ་མཆོག་གིས་ཨ་རིའི་ཕྱི་སྲིད་དྲུང་ཆེ་རྒྱ་ནག་ཏུ་མ་ཕེབས་གོང་ཕྱི་ཟླ་༤ཚེས་༢༣ཉིན་ཡོངས་ཁྱབ་ཀྱི་ཐོག་ནས་བོད་ཀྱི་གནད་དོན་དང་། ལྷག་པར་༧ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེའི་གནད་དོན་ཐད་ལ་གླེང་སློང་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད། 

གསར་འགོད་པ། ལྷུན་གྲུབ་ཚེ་རིང་།

རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།

དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།

དྲྭ་ཐོག་སྤེལ་མཁན། ནོར་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎