ཨ་རིའི་དམག་གི་གནམ་གྲུ་རྒྱ་ནགི་མིས་བཟོས་མཚོ་གླིང་སྒང་འཕུར་བ།
2015.11.13

ཨ་རིའི་འབར་མདེལ་གཡུག་མཁན་གནམ་གྲུ་གཉིས་རྒྱ་ནག་གིས་བདག་བཟུང་བྱས་བའི་མིས་བཟོས་མཚོ་གླིང་གི་དབྱིངས་ལ་འཕུར་བསྐྱོད་བྱས་བ།
དེ་ཡང་རྩོད་གཞི་ཅན་གྱི་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་དུ། རྒྱ་ནག་གི་བདག་བཟུང་བྱས་པའི་མིས་བཟོས་བཅོས་མའི་མཚོ་གླིང་གི་མཁའི་དབྱིངས་སུ་རྒྱ་ནག་གཞུང་གི་འགག་བྱ་ཡོད་མིན་ལ་མ་བལྟོས་བར་ཨ་མི་རི་ཀའི་B 52རྟགས་ཅན་གྱི་འབར་མདེལ་གཡུག་མཁན་གནམ་གྲུ་གཉིས་འཕུར་བསྐྱོད་བྱས་ཡོད་པ་རེད།
དེ་ཡང་རེས་གཟའ་ཕུར་བུའི་ཉིན་ཨ་རིའི་Pentagonདམག་དོན་ལྷན་ཁང་གི་མགྲིན་ཚབ་པ་དམག་སྤྱི་Bill Urbanགྱིས། ཉེ་སྔོན་ཚེས་༨དང་༩འི་ཉིན་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་གྱི་Sprattlyམཚོ་གླིང་ཁུལ་དུ་ཨ་མི་རི་ཀའི་B 52རྟགས་ཅན་གྱི་འབར་མདེལ་གཡུག་མཁན་གནམ་གྲུ་གཉིས་མཁའ་ཐོག་འཕུར་བསྐྱོད་ཀྱིས་སྐོར་གཡེང་བྱས་ཡོད་པ་དང་། སྐབས་དེར་ས་ཐོག་ནས་རྒྱ་ནག་གི་ལྟ་སྲུང་དམག་མིས་ཨ་རིའི་གནམ་གྲུའི་ཁ་ལོ་བར་འབྲེལ་བ་བྱས་སྟེ་རྒྱ་ནག་གི་ཁ་དབྱིངས་སུ་གནམ་གྲུ་འཕུར་བསྐྱོད་ཕྱིར་འཐེན་དགོས་ལུགས་ཀྱི་འགག་པ་བྱས་ཀྱང་ཨ་རིའི་གནམ་གྲུ་གཉིས་ཀྱིས་རྒྱ་ནག་གི་དགག་བྱར་བལྟོས་མེད་ཀྱིས་མཁའ་དབྱིངས་ལ་གནམ་གྲུའི་སྐོར་གཡེང་ཀྱི་ལས་དོན་མུ་མཐུད་ཤར་བསྐྱོད་བྱས་ཡོད་པ་གསུངས་འདུག
རྒྱ་ནག་གཞུང་གི་མགྲིན་ཚབ་པ་Hong Leiཡིས། ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་དུ་རྒྱལ་སྤྱིའི་མཁའ་དབྱིངས་རང་དབང་དང་། མཚོ་ཐོག་རང་དབང་གི་མིང་ཐོག་རྒྱ་ནག་གི་བདག་དབང་དང་བདེ་འཇགས་ལ་སྣང་མེད་ཀྱི་གནོད་ཚེའི་རིགས་ལ་རྒྱ་ནག་གཞུང་གིས་ངོ་རྒོལ་མཐའ་གཅིག་ཏུ་ཡོད་ཅེས་ལན་འདེབས་བྱས་ཡོད་འདུག
ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་གྱི་མཚོ་གླིང་ཕལ་ཆེ་བའི་ཐོག་རྒྱ་ནག་གཞུང་གི་བདག་དབང་ཡོད་ལུགས་ཀྱི་བདག་བཟུང་བྱས་སྟེ། རྒྱ་ནག་དང་ཞི་བདེ་རྒྱ་མཚོའི་ཡུལ་ཁག་མང་པོའི་དབར་རྩོད་རྙོག་ཡོད་པ་རེད། ཁུལ་འདི་བཞིན་རྒྱལ་སྤྱིའི་ཐོག་མཚོ་ཐོག་ཚོང་འབྲེལ་གྱི་བརྒྱུད་ལམ་ཆེ་ཤོས་ཤིག་ཡིན་སྟབས་ཨ་མི་རི་ཀས་མཚོ་ཐོག་དང་མཁའ་དབྱིངས་གཉིས་ཀའི་ཐོག་མཚོ་གྲུའི་རང་དབང་སྲུང་སྐྱོབ་ཀྱི་སྐོར་གཡེང་བྱེད་བཞིན་ཡོད་པ་དང་། གནད་དོན་དེས་རྐྱེས་པས་རྒྱ་ནག་དང་རྩོད་གཞིའི་རྙོག་གླེང་ཆགས་ཡོད་པ་རེད།
བདུན་ཕྲག་རྗེས་མ་Philippinesརྒྱལ་ས་Manilaརུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་སྦྲེལ་གྱི་ཆེས་མཐོའི་ལྷན་ཚོགས་གནང་གི་ཡོད་སྟབས། སྐབས་དེར་ལྷན་ཚོགས་སར། ཨ་རི་དང་རྒྱ་ནག་གི་སྲིད་འཛིན་རྣམ་གཉིས་དབར་གནད་དོན་དེའི་སྐོར་གླེང་སློང་ཡོང་རྒྱུའི་ཚོད་དཔག་བྱེད་བཞིན་ཡོད་ཀྱང་ཁ་ས་ཨ་རིའི་སྲིད་འཛིན་ལས་ཁུངས་ཀྱི་མགྲིན་ཚབ་པ་Josh Earnestལགས་ཀྱིས། ལྷན་ཚོགས་དེའི་ཐོག་གཙོ་བོ་དཔལ་འབྱོར་མཉམ་ལས་བྱ་ཕྱོགས་སྐོར་བཀའ་བསྡུར་གནང་རྒྱུ་ལས་མཚོ་གླིང་གི་བདག་དབང་དང་འབྲེལ་བའི་རྙོག་གླེང་སྐོར་བཀའ་མོལ་གནང་འཆར་མེད་པ་གསལ་འདོན་གནང་འདུག
གསར་འགོད་པ་དོན་གྲུབ་རྣམ་རྒྱལ་དང་འཆི་མེད།