བོད་ཀྱི་འབའ་ཐང་ཁུལ་དུ་བོད་མི་ཞིག་འཛིན་བཟུང༌བྱས་ཡོད་པ།
2009.07.08
༄༅༎བོད་ཀྱི་འབའ་ཐང་ཁུལ་དུ་བསྐྱར་དུ་བོད་མི་བཀྲིས་ཞུ་བ་ཞིག་འཛིན་བཟུང་བྱས་ཡོད་པ་རེད་བཞག
དེ་ཡང་ཕྱི་ཟླ་དྲུག་པའི་ཚེས་ཉི་ཤུ་ལྔ་ཉིན་བཞུགས་སྒར་རྡ་རམ་ས་ལའི་འབྲེལ་ཡོད་བོད་ཀྱི་གནས་ཚུལ་ཐོན་ཁུངས་ལས་ཁང་ནས་དེ་རིང་གནས་ཚུལ་སྤེལ་བར་གཞིགས་ན་རྒྱ་ནག་གཞུང་གིས་ཉེན་རྟོག་པས་འདི་ལོ་དགུང་གྲངས་བཞི་ཅུར་ཕེབས་པའི་བོད་མི་བཀྲིས་ཞུ་བ་ཞིག་དེ་སྔ་འབའ་ཐང་ཁུལ་གྱི་ཉེན་རྟོག་ལས་ཁུངས་ལ་འབར་རྫས་དབྱུགས་ནས་གཏོར་རྒོལ་བཏང་བའི་གནས་ཚུལ་དང་དེ་བཞིན་དེ་ཁུལ་དུ་བོད་ཀྱི་རྒྱལ་དར་འཁྱེར་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་དོན་རྐྱེན་དང་འབྲེལ་བ་ཡོད་ལུགས་ལ་བསྙད་དེ་བོད་མི་བཀྲིས་ཞུ་བ་ཞིག་བསྐྱར་དུ་འཛིན་བཟུང་བྱས་ཡོད་པ་རེད་ཅེས་གནས་ཚུལ་བཀོད་འདུག
བོད་མི་བཀྲིས་ནི་ཕ་དབུ་རྒྱན་རིག་འཛིན་གྱི་བུ་ཡིན་པ་དང་ཁོང་ཕྱི་ཟླ་དྲུག་པའི་ཚེས་བཅུ་དགུ་ཉིན་འབའ་ལི་ཐང་ཁུལ་ནས་ས་གནས་ཉེན་རྟོག་དམག་མིས་འཛིན་བཟུང་བྱས་པ་དང་ཁོང་དེ་སྔ་འབའ་ལི་ཐང་ཁུལ་གྱི་ཉེན་རྟོག་ལས་ཁང་དུ་འབར་རྫས་དབྱུགས་མཁན་གྱི་བོད་མི་གཞོན་སྐྱེས་བཞི་པོ་དེ་ཚོའི་ལས་འགུལ་ངན་བྱུས་བྱེད་མཁན་ཡིན་པའི་ཉེས་འཛུགས་བྱས་ཡོད་པ་རེད། འདི་ལོ་ཕྱི་ཟླ་གསུམ་པའི་ནང་འབའ་ཐང་ཁུལ་དུ་ཡོད་པའི་ས་གནས་ཉེན་རྟོག་ལས་ཁང་དུ་འབར་རྫས་དབྱུགས་པའི་དོན་རྐྱེན་དང་འབྲེལ་བ་ཡོད་པའི་བོད་མི་གཞོན་སྐྱེས་བཞི་དེ་སྔ་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཡོད་པ་རེད། དེ་རྗེས་བོད་མི་བཞི་པོ་དེ་རྣམས་བོད་ནས་བྲོས་བྱོལ་ཐུབ་པ་བྱུང་ཡོད་པ་རེད། དེ་ག་ནང་བཞིན་ཡང་ན་ནིང་ཕྱི་ལོ་ཉིས་སྟོང་བརྒྱད་ལོའི་བོད་མིའི་རང་དབང་གི་སྒེར་ལངས་ནང་ཞུགས་མཁན་ཕན་པོ་ཁུལ་ནས་ཡིན་པའི་བོད་མི་ཉི་མ་བསྟན་འཛིན་ཞུ་བ་ཞིག་ཀྱང་རྒྱ་ནག་གཞུང་གིས་ཉེན་རྟོག་པས་འཛིན་བཟུང་བྱས་ནས་ཁོང་ལ་རྒྱ་མིའི་ཤོག་སྒོར་ལྔ་སྟོང་ཉེས་ཆད་བཏང་ནས་ད་ཆ་འཛིན་བཟུང་བཀག་ཉར་ཁང་ནས་ཕྱིར་ལོག་བཏང་ཡོད་ཀྱང་ཁོང་འཛིན་བཟུང་བྱེད་པའི་སྐབས་ཉེས་རྡུང་ཚད་མེད་བཏང་བའི་རྐྱེན་གྱིས་ད་ཆ་སྐུ་གཟུགས་ཀྱི་གནས་སྟངས་ཧ་ཅང་གི་སྐྱོ་པོ་ཆགས་ཡོད་པ་མ་ཟད་ཁོང་གི་ཁྱིམ་ཚེས་གཡས་གཡོན་དུ་ས་གནས་ཉེན་རྟོག་མི་སྣས་བལྟ་བཟུང་དམ་པོར་གནས་ཡོད་པ་རེད་བཞག།