སུད་སི་བོད་མིའི་ཚོགས་སྡེ་ཁག་དང་རྒྱལ་སྤྱིའི་བོད་རིག་པའི་ལྷན་ཚོགས་གཉིས་ཀྱིས་བྷན་གཙུག་ལག་སློབ་ཁང་གིས་བོད་སོག་སྐད་ཡིག་སློབ་ཚན་མཚམས་འཇོག་གི་ཐག་གཅོད་ལ་བསྐྱར་ཞིབ་དགོས་པའི་འབོད་སྐུལ་ཞུས་འདུག

2025.03.27
སུད་སི་བོད་མིའི་ཚོགས་སྡེ་ཁག་དང་རྒྱལ་སྤྱིའི་བོད་རིག་པའི་ལྷན་ཚོགས་གཉིས་ཀྱིས་བྷན་གཙུག་ལག་སློབ་ཁང་གིས་བོད་སོག་སྐད་ཡིག་སློབ་ཚན་མཚམས་འཇོག་གི་ཐག་གཅོད་ལ་བསྐྱར་ཞིབ་དགོས་པའི་འབོད་སྐུལ་ཞུས་འདུག བྷན་གཙུག་ལག་སློབ་ཁང་གི་བ་གམ། ཟླ་ཚེས་མི་གསལ།
Wikipedia

ཉེ་ལམ་ནས་ཡོ་རོབ་སུད་སི་རྒྱལ་ཁབ་ཀྱི་བྷན་གཙུག་ལག་སློབ་ཁང་གིས་བོད་ཀྱི་སྐད་ཡིག་རིག་གཞུང་དང་ནང་ཆོས་ཀྱི་སློབ་ཁྲིད་མཚམས་འཇོག་བྱ་རྒྱུ་ཡིན་སྐོར་གསལ་བསྒྲགས་བྱས་པར་སུད་སི་བོད་མིའི་ཚོགས་སྡེ་ཁག་དང་རྒྱལ་སྤྱིའི་བོད་རིག་པའི་ལྷན་ཚོགས་གཉིས་ཀྱིས་བྷན་གཙུག་ལག་སློབ་ཁང་ངོས་ནས་བོད་སོག་སྐད་ཡིག་གི་སློབ་ཚན་མཚམས་འཇོག་གི་ཐག་གཅོད་ལ་བསྐྱར་ཞིབ་དགོས་པའི་འབོད་སྐུལ་ཞུས་འདུག

དེ་ཡང་ཕྱི་ལོ་ ༢༠༢༥ ཟླ་བ་ ༠༣ ཚེས་ ༢༡ ཉིན་སུད་བོད་མཐུན་ཚོགས་དང་། སུད་སི་དང་ལེག་ཊིན་ཚིན་བོད་རིགས་ཚོགས་པ། ཡུ་རོབ་བོད་ཀྱི་གཞོན་ནུ་ཚོགས་པ། སུད་སི་བོད་ཀྱི་བུད་མེད་ལྷན་ཚོགས། འཇིག་ཉེན་ཡོད་པའི་མི་རིགས་སྲུང་སྐྱོབ་མཐུན་ཚོགས་ཐུན་མོང་ནས་བྷེན་གཙུག་ལག་སློབ་གཉེར་ཁང་ལ་ཞུ་སྐུལ་སྙན་ཞུ་ཞིག་ཕུལ་བའི་ནང་དུ། གཙུག་ལག་སློབ་གཉེར་ཁང་ནས་བོད་དང་སོག་པོའི་སྐད་ཡིག་སློབ་ཁྲིད་མཚམས་འཇོག་བྱ་རྒྱུའི་ཐག་གཅོད་ལ་བློ་འཚབ་དང་སྦྲགས། དེ་དོན་བསྐྱར་ཞིབ་གནང་དགོས་པའི་འབོད་སྐུལ་ཞུས་འདུག་པ་མ་ཚད། ཐག་གཅོད་བྱེད་བབ་འདི་ནི་དང་གཙུག་ལག་སློབ་ཁང་གི་དགོངས་པ་ཡོད་མེད་ལ་མ་ལྟོས་པར། རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་རིག་གཞུང་དང་བཅས་པར་དམ་བསྒྲགས་རྩ་མེད་གཏང་རྒྱུའི་འབད་རྩོལ་ཤུགས་ཆེ་བྱེད་བཞིན་པ་དང་མཐུན་གྱི་ཡོད་པའི་དྲན་སྐུལ་བཏང་འདུག

བྷན་གཙུག་ལག་སློབ་གཉེར་ཁང་དུ་བོད་ཡིག་སློབ་ཁྲིད་མུ་མཐུད་ཡོང་ཐབས་སུ་ཞུ་གཏུག་གནང་ཕྱོགས་དང་འབྲེལ་ཏེ། སུད་སི་དང་ལེག་ཊིན་ཚིན་བོད་རིགས་ཚོགས་པའི་ཚོགས་གཙོ་ངེས་དོན་རྒྱ་མཚོ་ལགས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་དོན་ལ། བོད་ཀྱི་སྐད་ཡིག་ནི་བོད་མིའི་ངོ་བོ་མཚོན་དོན་ཡིན་པ་དང་། དེ་ཉིད་སློབ་ཁྲིད་མཚམས་འཇོག་བྱས་པ་ནི་བོད་མིའི་རང་དབང་དང་བདག་དབང་འཕྲོག་པ་ཞིག་ཡིན་པས། དེ་ཉིན་སླར་གསོ་ཡོང་བར་འབོད་སྐུལ་ཞུས་པ་ལྟར། བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡོང་བའི་རེ་བ་ཆེན་པོ་ཡོད་པ་གསུངས་བྱུང་།

གཞན་ཡང་ཞུ་ཡིག་དེའི་ནང་དུ་གཙུག་ལག་སློབ་ཁང་གིས་བོད་སོག་སློབ་ཁྲིད་མཚམས་འཇོག་གི་རྒྱུ་མཚན་སློབ་ཚན་དེ་དག་ལ་དོ་སྣང་བྱེད་མཉམ་ཉུང་དུ་ཕྱིན་དང་། སློབ་ཚན་དེ་རིག་སློབ་ཁྲིད་དཀའ་བའི་རྐྱེན་གྱིས་ཡིན་སྐོར་བརྗོད་པ་ནི་དོན་དངོས་དང་མཐུན་གྱི་མེད་པ་དགག་སྒྲུབ་ཀྱིས་དེང་སྐབས་ཡུ་རོབ་དང་། ཨ་རི། ཨེ་ཤེ་ཡ་ཁུལ་དུ་སློབ་ཚན་དེ་རིགས་ལ་དོ་སྣང་སློབ་སྦྱོང་བྱེད་མཁན་མང་དུ་འགྲོ་བཞིན་པ་གསལ་སྟོན་གནང་བ་དང་ཆབས་ཅིག སློབ་ཁྲིད་བྱེད་དཀའ་བའི་རྒྱུ་མཚན་གྱིས་བོད་སོག་སྐད་ཡིག་མཚམས་འཇོག་བྱེད་ཀྱི་ཡོད་ན། རྒྱ་ཡིག་ཀྱང་དེ་མཚུངས་ཡིན་པས་རྒྱ་ཡིག་མཚམས་འཇོག་མ་བྱས་པའི་རྒྱུ་མཚན་གང་ཡིན་དོགས་སློང་དང་བཅས་ཞུ་གཏུག་གནང་འདུག

དེ་བཞིན་རྒྱལ་སྤྱིའི་བོད་རིག་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་དགེ་རྒན་ཆེན་མོ་ཧྥ་རན་སི་རོ་བྷིན་(Francoise Robin)ལགས་དང་དྲུང་ཆེ་དགེ་རྒན་ཆེན་མོ་ཨུལ་རི་ཁེ་རོ་སི་ལར་(Ulrike Roesler)ལགས་གཉིས་ཀྱིས་ཀྱང་བྷེན་གཙུག་ལག་སློབ་ཁང་ལ་ཞུ་ཡིག་ཅིག་ཕུལ་ཏེ། དེང་སྐབས་བོད་རིག་པའི་ཐོག་རྒྱལ་སྤྱིའི་ཐོག་དོ་སྣང་དང་གཙུག་ལག་སློབ་ཁང་ཁག་ཏུ་སློབ་ཁྲིད་བྱ་རྒྱུའི་གནས་ཚད་མཐོ་རུ་འགྲོ་བཞིན་པའི་དུས་སྐབས་སུ་སུད་སིའི་བྷེན་གཙུག་ལག་སློབ་གཉེར་ཁང་གིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་ཁྲིད་མཚམས་འཇོག་བྱ་རྒྱུའི་ཐག་གཅོད་བྱས་པ་ནི་འགལ་ཟླར་འགྲོ་གི་ཡོད་ཅིང་། བྷན་གཙུག་ལག་སློབ་གཉེར་ཁང་ལ་མཚོན་ན། ད་ལྟའི་ཆར་སུད་སིའི་ནང་དུ་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་ཁྲིད་བྱ་ཡུལ་གྱི་བསྟི་གནས་ཁོ་ན་དེ་ཡིན་པས། ལས་གཞི་འདི་མཚམས་འཇོག་བྱས་ན། བོད་རིག་པ་སློབ་སྦྱོང་བྱེད་མཁན་ཙམ་དུ་མ་ཟད། སུད་སིའི་གཙུག་ལག་སློབ་གྲྭའི་སློབ་ཁྲིད་སྤྱི་ཡོངས་ལ་སྟོང་ཆ་ཆེན་པོ་ལྷག་ངེས་ཡིན་པ་དྲན་སྐུལ་བཏང་འདུག

དེ་བཞིན་ཞུ་ཡིག་དེའི་ནང་དུ་དེང་སྐབས་རྒྱ་ནག་གཞུང་གིས་ཐབས་བརྒྱ་བྱུས་སྟོང་གིས་བོད་ཀྱི་ངོ་བོ་རྩ་མེད་གཏང་རྒྱུའི་འབད་རྩོལ་བྱེད་བཞིན་ཡོད་པ་དང་། ལྷག་པར་དུ་ཡུ་རོབ་ཀྱི་འགྲེམས་སྟོན་ཁང་ཁག་གི་དཀར་ཆག་ཏུ་བོད་ཀྱི་སྐད་དོད་དུ་རྒྱ་ནག་གིས་བཤད་སྒྲོས་ལྟར་ལག་བསྟར་བྱེད་བཞིན་པའི་ཛ་དྲག་དུས་སྐབས་འདིར་བྷན་གཙུག་ལག་གི་ཐད་གཅོད་འདིས་རྒྱལ་སྤྱིའི་ཁྲོད་སུད་སིའི་གཙུག་ལག་སློབ་ཁྲིད་ཀྱི་མཚན་སྙན་ལའང་དོ་ཕོག་གཏོང་ངེས་ཡིན་པས། གཙུག་ལག་སློབ་ཁང་ངོས་ནས་ཐག་གཅོད་ལ་བསྐྱར་ཞིབ་ཀྱིས་ཐབས་ལམ་ཞིག་འཚོལ་དགོས་པའི་འབོད་སྐུལ་གནང་འདུག

གཙུག་ལག་སློབ་ཁང་གི་བོད་དང་སོག་པོའི་རིག་གཞུང་དང་སྐད་ཡིག་འཛིན་གྲྭ་མཚམས་འཇོག་མི་ཡོང་བའི་ཞུ་ཡིག་ཕུལ་ཡོད་པ་ལྟར། གཙུག་ལག་སློབ་ཁང་ངོས་སླད་འཆར་གནང་རྩིས་ཇི་ཡོད་སྐོར་བཀའ་འདྲི་ཞུས་པར། ད་བར་ལན་གསལ་འབྱོར་མེད།

གཞི་རྩའི་རྩ་སུད་སིའི་གཙུག་ལག་སློབ་ཆེན་ཁག་ལྔ་ཡི་ནང་ཆོས་ལུགས་སློབ་སྦྱོང་དང་ཞིབ་འཇུག་གི་སྡེ་ཚན་བཙུགས་ཡོད་པ་ལས། བྷན་གཙུག་ལག་སློབ་ཆེན་ནི་བོད་ཀྱི་སྐད་ཡིག་རིག་གཞུང་དང་ནང་ཆོས་སློབ་གཉེར་གྱི་སྡེ་ཚན་ལྡན་པའི་གཙུག་ལག་སློབ་ཆེན་ཁོ་ན་དེ་ཆགས་ཡོད་ཅིང་། ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་དང་བོད་རིག་པ་བ་བྱམས་པ་བསམ་གཏན་ལགས་ཀྱིས།  སྡེ་ཚན་དེ་སྒོ་བརྒྱབ་པར་དཔལ་འབྱོར་གྱི་རྒྱུ་མཚན་སོགས་མང་པོ་ཡོད་སྲིད་པ་དང་། སྡེ་ཚན་དེ་ཚོ་བརྒྱུད་ནས་བོད་དང་བོད་མི་ཟེར་བ་ངོ་ཤེས་ནས་སེམས་ནང་རང་བཞིན་གྱིས་བོད་དང་བོད་མི་རིགས། བོད་ཀྱི་ཆོས་དང་རིག་གཞུང་ལ་དགའ་ཚོར་དང་ཞེན་ཆགས་ཡོད་པ་ཞིག་ཏུ་འགྱུར་བའི་སློབ་སྦྱོང་གནང་ས་ཞིག་མེད་པར་གྱུར་པ་དེ་ཕངས་པོ་རེད་ཅེས་འགྲེལ་བརྗོད་གནང་ཡོད། །

གསར་འགོད་པ། ལོ་ཡག་བཀྲིས། 

རྩོམ་སྒྲིག་པ། བསྟན་འཛིན་བསྟན་པདྨ། བསྟན་འཛིན་བསྟན་སྐྱོང་། 

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎