བོད་རྒྱ་འབྲེལ་མོལ་ལོ་མཇུག་ཏུ་བསྐྱར་དུ་གནང་འཆར།
2008.07.07
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ཀྱི་རེ་འདུན་བཏོན་གནང་བ་ལྟར་རྒྱ་ནག་གིས་རྩ་དོན་ཐོག་ལོ་འདིའི་ལོ་མཇུག་ནང་གྲོས་མོལ་ཐེངས་གཅིག་བསྐྱར་དུ་གནང་རྒྱུར་མོས་མཐུན་བྱས་པའི་སྐོར་རྒྱ་ནག་གི་དབུས་འཐབ་ཕྱོགས་གཅིག་གྱུར་གྱི་མི་སྣ་ཞིག་གིས་ཤིན་ཧ་གསར་འགོད་པར་བཅར་འདྲི་ཞུས་པར་ལན་འདེབས་བྱས་པའི་གནས་ཚུལ་ཐོན་འདུག་།
རྒྱ་ནག་གི་ཤིན་ཧ་གསར་སྤེལ་ཁང་གི་གསར་འགོད་པ་ཞིག་གིས་རྒྱ་ནག་གིས་དབུས་འཐབ་ཕྱོགས་གཅིག་གི་མིང་མེད་པའི་དཔོན་རིགས་ཤིག་ལ་དྲི་བ་དྲི་བའི་ལན་འདེབས་སུ་ཉེ་སྔོན་ཕྱི་ཟླ་བདུན་པའི་ཚེས་ ༡ དང་ ༢ ཉིན་རྒྱ་ནག་པེ་ཅིང་དུ་འབྲེལ་མོལ་བྱུང་པའི་སྐོར་བཅར་འདྲི་ཞུས་པའི་ཚུལ་དུ་གནད་དོན་མང་པོ་ཞིག་སྐོར་ཕྱི་བསྒྲགས་བྱས་འདུག་།
རྒྱ་ནག་གི་དབུས་འཐབ་ཕྱོགས་གཅིག་གྱུར་གྱི་དཔོན་རིགས་ཀྱིས་ ༸གོང་ས་མཆོག་གི་སྐུ་ཚབ་དང་ཕྱག་རོགས་གསུམ་བཅས་མི་སྣ་ལྔ་ལས་གྲུབ་པའི་སྐུ་ཚབ་ཚོགས་པ་ཞིག་ཕེབས་ནས་རྒྱ་ནག་གི་འཐབ་ཕྱོགས་གཅིག་གྱུར་གྱ་དཔོན་རིགས་ཁག་དང་མཇལ་འཕྲད་གནང་བ་དང་ དེ་ཨོ་ལིམ་པིག་རྩེད་འགྲན་གྱི་རྩེད་རྭ་ཁག་ཅིག་དང་ ལྷག་དོན་དུ་བྱི་ཚང་ལྟར་བཟོ་དབྱིབས་ཀྱི་རྩེད་རྭ་ཨ་མར་གཟིགས་ཞིབ་ཆེད་དུ་གདན་ཞུ་གནང་ཡོད་པ་དང་ པེ་ཅིང་དུ་ཡོད་པའི་བོད་གནས་ཉམས་ཞིབ་ཁང་གི་འབྲེལ་ཡོད་མི་སྣ་རྣམས་དང་མཇལ་འཕྲད་གནང་བ་སོགས་གསལ་བཤད་བྱས་འདུག་།
ལྷག་དོན་དུ་རྒྱ་ནག་གི་དཔོན་རིགས་རྣམས་ཀྱིས་ ཕྱི་ཟླ་ལྔ་པའི་ཚེས་ ༤ ཉིན་ཧྲེན་ཀྲེན་དུ་འབྲེལ་མོལ་གྱི་རྗེས་སུ་༸གོང་ས་མཆོག་གི་ནོར་འཁྲུལ་ཅན་གྱི་གསུངས་བཤད་དང་ མཛད་པ་མང་པོའི་ཐོག་སྐྱོན་བརྗོད་ཤུགས་ཆེ་བྱས་པ་སོགས་ཕྱོགས་གཉིས་དབར་བསམ་ཚུལ་མ་མཐུན་པའི་བར་ཆད་ཆེན་པོ་ཡོད་ཀྱང་ གྲོས་མོལ་གྱི་གུ་ཡངས་ཀྱི་ཁོར་ཡུག་ནང་ཞལ་གསང་པོའི་ཐོག་ནས་གྲོས་མོལ་གནང་བ་ངོས་ལེན་བྱས་འདུག་། འོན་ཀྱང་རྒྱ་ནག་གིས་བཙན་བྱོལ་བོད་གཞུང་ངོས་ལེན་བྱེད་ཀྱི་མེད་པ་དང་ རྒྱབ་སྐྱོར་བྱེད་མི་ཆོག་པའི་དོན་ཚན་བཞི་ལ་ངོས་ལེན་གནང་དགོས་པ་སོགས་དྲི་བ་དྲི་ལན་ནང་བཀོད་འདུག་།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་རྣམ་པ་གཉིས་ཀྱིས་འགྲེལ་བརྗོད་གནང་བའི་ནང་ རྒྱ་ནག་གིས་བོད་ཀྱི་གནད་དོན་གཙོ་བོ་ཐོག་གྲོས་མོལ་གནང་འདོད་ཀྱི་ལྷག་བསམ་མེད་པའི་རྣམ་པ་ཐོན་གྱི་ཡོད་པ་དང་ རྒྱལ་སྤྱིའི་ནང་ངོས་ལེན་མེད་བཞིན་དུ་ བོད་ནང་གི་བོད་མིའི་ངོ་རྒོལ་གྱི་ལས་འགུལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བརྒྱུད་བསྐུལ་གནང་བའི་སྐོར་ཤུགས་ཆེ་བཤད་པ་དང་ མཐའ་ན་མུ་མཐུད་ནས་གྲོས་མོལ་གནང་རྒྱུའི་མཉམ་འབྲེལ་གསལ་བསྒྲགས་ཤིག་སྤེལ་རྒྱུར་མོས་མཐུན་གནང་མེད་པའི་སྐོར་གསར་འགོད་པར་གསལ་བཤད་གནང་བ་བཅས་ཀྱི་གནས་ཚུལ་ཐོན་འདུག་།།