ཨ་རིའི་སྲིད་འཛིན་ནས་ལོ་མཇུག་ཏུ་༸གོང་ས་མཆོག་མཇལ་རྒྱུ།
2009.10.07
༄༅༎སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ད་རེས་རྒྱལ་ས་ལྦ་ཤིང་ཀྲོན་དུ་ཕེབས་པའི་སྐབས་དེར་ཨ་རིའི་སྲིད་འཛིན་ཨོ་སྦ་མ་མཆོག་གིས་མཇལ་འཕྲད་མ་ཞུས་པ་དེར་གྲོས་ཚོགས་འཐུས་མི་དང་གསར་འགྱུར་བརྒྱུད་ལམ་ཁག་གིས་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད་པ་དེར་སྲིད་འཛིན་ལས་ཁུངས་ཀྱིས་ངོས་ལེན་མ་གནང་བར་སྲིད་འཛིན་ཨོ་སྦ་མ་ཡིས་ད་ལོའི་ལོ་མཇུག་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་མཇལ་འཕྲད་ཞུས་གནང་རྒྱུ་ཡིན་སྐོར་གསུངས་འདུག
ཁ་ས་ཕྱི་ཚེས་དྲུག་ཉིན་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཁང་ཆེན་མོའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་ཕུལ་བའི་མཛད་སྒོའི་ཐོག་ཨ་རིའི་གྲོས་ཚོགས་འཐུས་མིའི་དབུ་འཁྲིད་ཚོས་༸གོང་ས་མཆོག་ལ་རྒྱབ་སྐྱོར་གྱི་རྣམ་འགྱུར་ཤུགས་ཆེ་བཏོན་གནང་ཡོད་པ་རེད།
གྲོས་ཚོགས་ཀྱི་འཐུས་མི་རྣམ་པ་ཚོས་༸གོང་ས་མཆོག་ལ་ཡི་རངས་བསྔགས་བརྗོད་ཆེན་པོ་ཞུས་པ་དང་ད་རེས་གཟའ་མཇུག་མང་ཚོགས་སྟོང་ཕྲག་མང་པོར་ཤེས་རབ་དང་བཟང་སྤྱོད་སྐོར་བཀའ་སློབ་གནང་རྒྱུའི་མཛད་འཆར་ཡོད་ནའང་༡༩༩༡ནས་བཟུང་༸གོང་ས་མཆོག་རྒྱལ་ས་ལྦ་ཤིང་ཀྲོན་ནང་ཕེབས་སྐབས་ཨ་རིའི་སྲིད་འཛིན་དང་མཇལ་འཕྲད་མ་གནང་བ་ད་རེས་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་སྐོར་ཨ་རིའི་གསར་ཤོག་ཁག་ནང་གླེང་བརྗོད་སྤེལ་འདུག
རིང་མིན་ཕྱི་ཟླ་བཅུ་གཅིག་པའི་ནང་སྲིད་འཛིན་ཨོ་སྦ་མ་མཆོག་རྒྱ་ནག་ལ་གཞུང་དོན་འཚམས་གཟིགས་ལ་ཕེབས་རྒྱུ་ཡིན་པའི་གོང་དེར་རྒྱ་ནག་ལ་ཁོང་ཁྲོ་མི་སློང་བའི་དོན་དུ་༸གོང་ས་མཆོག་དང་མཇལ་འཕྲད་ཞུ་གི་མེད་པའི་སྐྱོན་བརྗོད་ལ་ཨ་རིའི་སྲིད་འཛིན་གྱི་མགྲིན་ཚབ་པ་རཱོ་སྦ་ཊེ་གེཏ་སི་ཡིས་ཁས་ལེན་མ་གནང་བར་༸གོང་ས་མཆོག་དང་འབྲེལ་ཡོད་ལས་བྱེད་ལྷན་དུ་བཀའ་བསྡུར་ཞུས་རྗེས་ད་ལོའི་ལོ་མཇུག་ཏུ་སྲིད་འཛིན་ཨོ་སྦ་མ་མཆོག་དང་༸གོང་ས་མཆོག་རྣམ་གཉིས་དབར་མཇལ་འཕྲད་གནང་རྒྱུའི་མཛད་འཆར་ཐོག་མོས་མཐུན་བྱུང་ཡོད་སྐོར་རཱོ་སྦ་ཊེ་གེཏ་སི་ཡིས་འགྲེལ་བརྗོད་གནང་བཞག།