ཨ་རིས་རྒྱ་ནག་ལ་མུ་མཐུད་དུ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གླེང་རྒྱུ་ཡིན་པ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཨ་རིའི་གཞུང་ཚབ་པས་གསུངས་བྱུང་།

2024.02.12
ཨ་རིས་རྒྱ་ནག་ལ་མུ་མཐུད་དུ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གླེང་རྒྱུ་ཡིན་པ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཨ་རིའི་གཞུང་ཚབ་པས་གསུངས་བྱུང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ནང་གི་ཨ་མི་རི་ཀའི་གཞུང་ཚབ་པ་(Michèle Taylor)་ལགས་ཀྱིས་རྒྱལ་ཚོགས་ནང་རྒྱ་ནག་ཐོག་དུས་བཀག་བསྐྱར་ཞིབ་སྐབས་གཏམ་བཤད་གནང་བཞིན་པ། ༠༡།༢༣།༢༠༢༤
OHCHR

ཉེ་ཆར་སྤྱི་ཟླ་དང་པོའི་ཚེས་༢༣ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐད་དུས་བཀག་བསྐྱར་ཞིབ་གནང་པའི་སྐབས། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གཙོས་པའི་བོད་ནང་དང་། རྒྱ་ནག་ནང་གི་གནད་དོན་གླེང་སློང་ཤུགས་ཆེན་གནང་མཁན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ནང་གི་ཨ་མི་རི་ཀའི་གཞུང་ཚབ་པ་(Michèle Taylor)་ལགས་ལ་ཨེ་ཤེ་ཡ་རང་དབང་འཕྲིན་ཁང་གིས་བཅར་འདྲི་ཞུས་པར་འདི་ཚེས་༡༡ཉིན་ཡིག་ཐོག་ལན་འབྱོར་པའི་བཀའ་ལན་ནང་། ད་ཐེངས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་དུས་བཀག་བསྐྱར་ཞིབ་གནང་པའི་སྐབས། ང་ཚོས་སྲིད་གཞུང་འདྲ་མིན་ཁག་མང་པོ་དང་མཉམ་རུབ་ཀྱིས་རྒྱ་ནག་ལ་བོད་ནང་གི་གཞི་རྩའི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཡར་རྒྱས་གཏོང་དགོས་པའི་ཐད་གོམ་པ་མདུན་སྤོས་ཀྱིས་ང་ཚོའི་བསམ་ཚུལ་ཡོད་པ་རྣམས་གསལ་པོ་བརྗོད་རྒྱུ་བྱུང་བར་དགའ་པོ་བྱུང་། ང་ཚོས་རྒྱ་ནག་གཞུང་ལ་ཡོངས་གྲགས་ཀྱི་ཐོག་དང་དེ་བཞིན་ང་ཚོ་རྒྱལ་ཁབ་ཕན་ཚུན་བར་ཀྱི་བཀའ་མོལ་སྐབས་སུ། བོད་མིའི་འགྲོ་བ་མིའི་ཐོབ་ཐང་ཐད་ལ་བརྩི་བཀུར་དགོས་པ་དང་། བོད་ཀྱི་ཁོར་ཡུག་དང་། དེ་བཞིན་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་། སྐད་ཡིག ཆོས་ལུགས། མི་རིགས་ཀྱི་ངོ་བོ་བཅས་ལ་སྲུང་སྐྱོབ་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་ཅེས་དང་། ད་དུང་ཨ་རིའི་ཕྱོགས་ནས་ང་ཚོའི་ཕྱི་སྲིད་སྲིད་བྱུས་ནང་ཡོད་པ་བཞིན་འགྲོ་བ་མིའི་ཐོབ་ཐང་གནད་དོན་ནི་རྒྱལ་ཁབ་མང་པོ་དང་ཕྱི་འབྲེལ་བཀའ་མོལ་དང་མཉམ་ལས་སྐབས་གལ་ཆེན་དུ་འཛིན་བཞིན་ཡོད་ལ། ང་ཚོའི་ངོས་ནས་ང་ཚོའི་མི་ཆོས་རིང་ལུགས་ཀྱི་ལོ་རྒྱུས་དང་མཐུན་པའི་སྒོ་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་གོ་རིམ་དང་ལམ་ལུགས་ལ་མཉམ་ལས་ཀྱི་མདུན་པ་བཏོན་པའི་ཐོག་ནས། ད་རེས་བསྐྱར་ཞིབ་གཙོས་པར་གལ་ཆེའི་ལས་དོན་ངོས་འཛིན་བྱེད་ཀྱི་ཡོད་ལ། དེ་བཞིན་རྒྱ་ནག་ལ་སོ་སོའི་རང་གི་ཐོ་གཞུང་གནས་བབ་དང་། ང་ཚོའི་བསམ་ཚུལ་ལམ་སྟོན་གནང་བར་དོ་གལ་ཆེ་པོ་བྱ་རྒྱུར་རེ་བ་བྱེད་ཀྱི་ཡོད་ཅེས་བཀོད་འདུག
དེའི་སྔོན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཨོསི་ཊརེ་ལི་ཡ་གཞུང་ལ་འབྲེལ་བ་བྱས་ནས་རྒྱལ་ཚོགས་ནང་རྒྱ་ནག་ཐོག་དུས་བཀག་བསྐྱར་ཞིབ་དང་འབྲེལ་བའི་འཕྲོས་དོན་འདྲི་རྩད་ཞུས་སྐབས། ཨོསི་ཊརེ་ལི་ཡའི་ཕྱི་སྲིད་དང་ཚོང་དོན་ལྷན་ཁང་གི་མགྲིན་ཚབ་པས་ཡིག་ཐོག་ལན་འདེབས་གནང་བའི་ནང་། ཨོསི་ཊརེ་ལི་ཡ་གཞུང་གིས་བོད་ནང་ཉམས་དམས་སུ་འགྲོ་བཞིན་པའི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་བློ་འཚབ་བྱེད་བཞིན་ཡོད་པ་གསུངས་བ་དང་མཉམ། ད་རེས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་ནག་ལ་དུས་བཀག་བསྐྱར་ཞིབ་གནང་སྐབས་ཚོགས་མི་རྒྱལ་ཁབ་ཁག་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་གླེང་སློང་གིས་དེ་འབྲེལ་ཡར་རྒྱས་གཏོང་དགོས་བའི་བསམ་འཆར་དང་ལམ་སྟོན་གནང་བ་ཁག་རྒྱ་ནག་གཞུང་གིས་ངོས་ལེན་དང་དངོས་སུ་ལག་བསྟར་གནང་དགོས། ཉེ་ཆར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐད་དུས་བཀག་བསྐྱར་ཞིབ་ཐེངས་བཞི་བ་གནང་བའི་སྐབས། ཨོསི་ཊརེ་ལི་ཡའི་སྐུ་ཚབ་ཀྱི་ངོས་ནས་རྒྱ་ནག་སྤྱི་དང་ལྷག་པར་དུ་རྒྱ་ནག་གིས་བོད་ནང་གི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་གི་ཡོད་པའི་གནས་སྟངས་རྒྱབ་གཉེར་དང་བཅས་གསལ་སྟོན་བྱས་ཡོད། མ་ཟད་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་བཀའ་ཁྱབ་བརྩི་སྲུང་ཞུ་སླད་ཨོསི་ཊརེ་ལི་ཡས་རྒྱ་ནག་དང་། དེ་བཞིན་རྒྱལ་ཁབ་གཞན་དག་དང་མཉམ་ཐུན་མོང་མཉམ་ལས་ཀྱིས་རྒྱ་ནག་གཞུང་ལ་མུ་མཐུད་དུ་སྐུལ་མ་གཏོང་གི་ཡིན་ཞེས་འཁོད་འདུག
སྤྱི་ཟླ་དང་པོའི་ཚེས་༢༣་ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་དུས་བཀག་བསྐྱར་ཞིབ་ཐེངས་བཞི་པ་དངོས་སུ་གནང་བའི་སྐབས། རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་ཉི་ཤུ་ལྷག་གིས་བོད་དོན་དང་འབྲེལ་བའི་གནད་དོན་དོན་ཚན་༢༥རྒྱབ་གཉེར་གནང་ནས་བོད་དོན་གླེང་ཡོད་པ་དང་། དེ་ནི་༢༠༡༨ལོའི་བསྐྱར་ཞིབ་ཐེངས་གསུམ་པ་དང་བསྡུར་ན་ལྡབ་གཅིག་ལྷག་གི་མང་བ་བྱུང་ཡོད་པ་རེད།

*འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་དུས་བཀག་བསྐྱར་ཞིབ་ཐེངས་བཞི་པ་གནང་བའི་འབྲེལ་ཡོད་གནས་ཚུལ་ཁག་འདིར་གནན་ན་གཟིགས་ཐུབ།


གསར་འགོད་པ། བསྟན་འཛིན་བདེ་སྐྱིད། ཆོས་སྐྱིད། ཀླུ་འབུམ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎