མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་ཁག་ནས་བོད་དོན་གླེང་སློང་གནང་ཡོད་པ།
2017.09.30
༄༅། །མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཐེངས་༣༦པའི་སྐབས་ ཨ་རི་དང་། དབྱིན་ཡུལ། ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་དང་། སུད་ཛར་ལེནཌ། འཇར་མེ་ནི་སོགས་རྒྱལ་ཁབ་ཁག་ཅིག་གིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གླེང་སྐབས། བོད་དང་ཤིན་ཅང་གི་འགྲོ་བ་མིའི་ཐོབ་ཐང་གནད་དོན་གླེང་སློང་གནང་སྟེ། བོད་མི་བཀྲིས་དབང་ཕྱུག་ལགས་སོགས་པ་བཙོན་འཇུག་འོག་ཡོད་པ་དང་། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐོག་ཕྱག་ལས་གནང་མཁན་དེ་དག་གློད་བཀྲོལ་དགོས་པ། དེ་བཞིན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་དམིགས་བསལ་སྐུ་ཚབ་བོད་ནང་ལས་དོན་ལྟ་ཞིབ་ཏུ་ཕེབས་རྒྱུར་རྒྱ་ནག་གི་མཐོང་ཆན་ཕུལ་དགོས་པའི་སྐོར་གླེང་ཡོད་འདུག དམིགས་བསལ་འཇར་མན་གྱི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྐུ་ཚབ་ནས། རྒྱ་ནག་ཁྱོན་ཡོངས་དང་ལྷག་པར་དུ་བོད་དང་ཤིན་ཅང་ནང་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གྱི་གནས་སྟངས་ཚབས་ཆེ་ཡོད་པའི་སྐོར་གསལ་བཏོན་གནང་སྟེ། དཔེ་མཚོན་དུ་བླ་རུང་སྒར་ཆོས་སྡེའི་གནས་སྟངས་དཔེ་མཚོན་དུ་བཀོད་དེ་རྒྱ་ནག་གཞུང་གིས་བོད་ནང་ཆོས་ལུགས་རང་དབང་གི་གནས་སྟངས་ལ་དམ་དྲག་སྟངས་འཛིན་ཤུགས་ཆེ་བྱེད་བཞིན་པའི་སྐོར་གསལ་བཏོན་གནང་ཡོད་འདུག་ལ། ཡང་ཨ་རིའི་སྐུ་ཚབ་ནས་རྒྱ་ནག་གཞུང་གིས་བོད་དང་ཤིན་ཅང་ས་གནས་ནང་དམག་མི་ཕོན་ཆེ་འགྲེམས་འཇོག་བྱས་ནས་དམག་དོན་དམ་དྲག་གི་ས་ཁུལ་ལྟ་བུར་འགྱུར་བཞིན་ཡོད་པའི་གནས་སྟངས་གསལ་བཤད་གནང་ཡོད་པ་རེད། ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་སྐུ་ཚབ་ནས་རྒྱ་ནག་གཞུང་གིས་ཡོངས་གྲགས་ཁྲིམས་ཐོག་ནས་ཁྲིམས་ཞིབ་སོགས་གང་ཡང་མ་བྱས་པར་སྤྱི་འབངས་འཇུ་བཟུང་བཀག་ཉར་བྱེད་ཀྱི་ཡོད་པའི་གནས་སྟངས་སྤྱི་དང་དམིགས་བསལ་རྒྱ་ནག་གཞུང་གིས་བཙོན་འཇུག་བྱེད་བཞིན་པའི་བོད་ཀྱི་སྐད་ཡིག་མི་ཉམས་རྒྱུན་འཛིན་ཡོང་རྒྱུར་འབད་རྩོན་གནང་མཁན་བཀྲིས་དབང་ཕྱུག་ལགས་ཀྱི་སྐོར་གསལ་བཏོན་གནང་ཡོད་འདུག།
གསར་འགོད་པ་འཆི་མེད།