ཨ་རིའི་གཙུག་ལག་སློབ་གྲའི་སློབ་ཕྲུག་གིས་མར་མེ་ཁྲོམ་བསྐོར།
2011.10.17
༄༅༎ཨ་རིའི་མེ་ས་ཅུ་སེཏསི་མངའ་སྡེའི་ཨེམ་ཧསཏ་ཁུལ་གྱི་ཡུ་མེསི་(UMass)གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་ཕྲུག་ཁག་ཅིག་གིས་ བོད་དོན་ཆེད་རང་སྲོག་བློས་གཏོང་གནང་མཁན་གཞིས་ལུས་བོད་མི་ཚོའི་ཆེད་དུ་། ཁུལ་དེའི་གྲོང་ཁྱེར་ནོཐ་ཧེམ་ཀྲེན་དུ་ཁ་ས་མཚན་མོ་མར་མེའི་ཁྲོམ་སྐོར་གྱི་འདུ་འཛོམས་ཤིག་གོ་སྒྲིག་གནང་འདུག།
གོང་ཞུས་མྱ་ངན་དང་གདུང་སེམས་མཉམ་སྐྱེད་གནང་མཁན་སློབ་ཕྲུག་ཚོས་གསུངས་ན། འདས་པའི་ཟླ་བ་དྲུག་ནང་བོད་ནང་རྒྱ་ནག་གཞུང་གི་གདུག་རྩུབ་ཆེ་བའི་སྲིད་བྱུས་ལ་ངོ་རྒོལ་གནང་ཕྱིར་སྐུ་གཟུགས་ལ་ཞུགས་མེ་སྒྲོན་ནས་རང་སྲོག་བློས་བཏང་གནང་མཁན་བོད་མི་བདུན་ཙམ་བྱུང་ཡོད་པ་དང༌། ཁོང་རྣམ་པས་དེ་ལྟར་གནང་དགོས་དོན་ནི་རྒྱ་ནག་གི་དྲག་གནོན་ཆེ་བའི་དབང་སྒྱུར་འོག་བསྡད་པ་ལས་ཤི་ན་དགའ་ཟེར་བའི་ངོ་རྒོལ་གྱི་རྣམ་འགྱུར་ཤུགས་ཆེ་ཞིག་བཏོན་ཐབས་གནང་ཡོད་སྐོར་སློབ་ཕྲུག་ཚོས་གསལ་བཏོན་གནང་བཞག།
མར་མེའི་ཁྲོམས་སྐོར་གནང་མཁན་ཡུ་མེསི་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་ཕྲུག་ཚོས་ ཁུལ་དེའི་གསར་ལམ་ 22 News ལ་བོད་རང་བཙན་ཆེད་ད་དུང་བོད་མི་མང་པོའི་ཚེ་སྲོག་མ་ཤོར་བའི་དོན་དུ་བོད་ནང་གི་དཀའ་ངལ་དེ་ཚོ་ཕྱིའི་ཡུལ་ཁག་གི་མང་ཚོགས་ཚོས་མཁྱེན་རྟོགས་ཡོང་བ་བཟོ་རྒྱུའི་ཐབས་ཤེས་གནང་བཞིན་ཡོད་པའི་སྐོར་འགྲེལ་བརྗོད་དང་འབྲེལ། བོད་པའི་སློབ་ཕྲུག་བསྟན་འཛིན་ལགས་ཀྱིས་ ང་ཚོའི་ངོས་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཀྱི་གནས་བབ་བཟང་དུ་འགྲོ་རྒྱུའི་དམིགས་ཡུལ་གཙོ་བཟུང་གི་ཐོག་ནས་ལས་འགུལ་དེ་སྤེལ་གྱི་ཡོད་ལ། རྒྱ་ནང་གཞུང་གིས་བོད་ནང་ཡོད་པའི་གཞིས་ལུས་བོད་མི་ཚོར་སྨྲ་བརྗོད་ཀྱི་རང་དབང་དང༌། ཆོས་དད་རང་དབང༌། རང་མི་རིགས་ཀྱི་རིག་གཞུང་སྲུང་སྐྱོབ་ཀྱི་བདག་དབང་སོགས་འཛམ་གླིང་སྤྱི་ལ་ཡོད་པའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ངེས་པར་དུ་སྤྲོད་དགོས་ཀྱི་རེད་བསམ་གྱི་འདུག་ཅེས་སེམས་ཚོར་དྲག་པོའི་སྒོ་ནས་བརྗོད་འདུག།