དབྱིན་ཡུལ་གཞུང་གིས་རྒྱ་ནག་གི་གཞུང་ཚབ་མི་སྣ་འབོད་འགུག་གིས་ཞི་བའི་ངོ་རྒོལ་ལས་འགུལ་ལ་ངེས་བར་གུས་བརྩི་དགོས་པ་བརྗོད་འདུག

2022.10.19
དབྱིན་ཡུལ་གཞུང་གིས་རྒྱ་ནག་གི་གཞུང་ཚབ་མི་སྣ་འབོད་འགུག་གིས་ཞི་བའི་ངོ་རྒོལ་ལས་འགུལ་ལ་ངེས་བར་གུས་བརྩི་དགོས་པ་བརྗོད་འདུག དབྱིན་ཡུལ་གྱི་རྒྱ་ནག་གཞུང་ཚབ་ཡན་ལག་ལས་ཁུངས་མདུན་ངོ་རྒོལ་བྱེད་མཁན་ལ་རུབ་རྡུང་བཏང་སྐབས། ༡༠།༡༦།༢༠༢༢
AFP

དེ་ཡང་ཉེ་ལམ་ཕྱི་ཚེས་༡༦གཟའ་ཉི་མ་ཉིན། རྒྱ་ནག་དམར་ཤོག་ཏང་གི་ཚོགས་ཆེན་ཐེངས་༢༠པ་དེ་པེ་ཅིང་དུ་འགོ་བཙུགས་པ་དང་བསྟུན། དབྱིན་ཡུལ་གྱི་(Manchester)་གྲོང་ཁྱེར་དུ་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཡན་ལག་ལས་ཁུངས་མདུན་དུ་ཧོང་ཀོང་གི་རང་དབང་ལས་འགུལ་བས་རྒྱ་ནག་གཞུང་དང་སྲིད་འཛིན་ཞི་ཅིན་ཕིང་ལ་ངོ་རྒོལ་བྱེད་སྐབས། ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཞིག་གཞུང་ཚབ་ཡན་ལག་གི་སྒོ་རའི་ནང་དུ་ཡར་འདྲུད་ནས་ཉུང་མཐར་མི་ལྔས་རུབ་རྡུང་བཏང་ནས་རྨས་སྐྱོན་ཕོག་པའི་གནས་ཚུལ་རྒྱལ་སྤྱིའི་གསར་ལམ་ཁག་ནང་ཁྱབ་པ་དང་། འདི་ཚེས་༡༩ཉིན་དབྱིན་ཡུལ་གཞུང་གིས་རྒྱ་ནག་གི་གཞུང་ཚབ་ཡན་ལག་ལས་ཁུངས་ཀྱི་སྐུ་ཚབ་མི་སྣ་འབོད་འགུག་གིས་ཞི་བའི་ངོ་རྒོལ་ལས་འགུལ་ལ་ངེས་པར་དུ་གུས་བརྩི་བྱེད་དགོས་ཀྱི་རེད་ཅེས་ནན་བརྗོད་བྱས་ཡོད་འདུག དེའི་ཐད་དབྱིན་ཇིའི་ཕྱི་སྲིད་བློན་ཆེན་སྐུ་ཞབས་(Goldsmith)་ལགས་ཀྱིས། དེ་རིང་ང་ཚོས་རྒྱ་ནག་གཞུང་ལ་ང་ཚོའི་མཐོང་ཚུལ་ག་རེ་ཡིན་མིན་གསལ་པོ་ཞུས་པ་ཡིན། དབྱིན་ཇིའི་རྒྱལ་ཁབ་ནང་ཞི་བ་དང་། དྲང་བདེན་གྱི་ཐོག་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་ཆོག་པ་དང་། དེར་གུས་བཀུར་བྱེད་དགོས་པ་དེ་རེད་ཅེས་གསལ་སྟོན་གནང་ཡོད་པ་གསུངས་འདུག
གནས་ཚུལ་དེ་ཉེ་ལམ་ཕྱི་ཚེས་༡༦གཟའ་ཉི་མ་ཉིན། དབྱིན་ཡུལ་གྱི་(Manchester)་གྲོང་ཁྱེར་དུ་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཡན་ལག་ལས་ཁུངས་མདུན་དུ་ཧོང་ཀོང་གི་རང་དབང་ལས་འགུལ་བས་རྒྱ་ནག་གཞུང་དང་སྲིད་འཛིན་ཞི་ཅིན་ཕིང་ལ་ངོ་རྒོལ་བྱེད་སྐབས། རྒྱ་ནག་གི་གཞུང་ཚབ་ཡན་ལག་ལས་ཁུངས་ནས་མི་འགའ་ཞིག་གིས་གྲ་སྒྲིག་ཡོད་པའི་ཐོག་ཉེན་འགོག་ལྕགས་ཞྭ་གོན་པ་དང་མདེའུ་འགོག་པའི་སྟོད་ཐུང་གྱོན་ནས་ངོ་རྒོལ་གྱི་འཕྲེད་དར་བཙན་གྱིས་མར་ཕབ་པ་དང་། ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཞིག་གཞུང་ཚབ་ཡན་ལག་གི་སྒོ་རའི་ནང་དུ་ཡར་འདྲུད་ནས་ཉུང་མཐར་མི་ལྔས་རུབ་རྡུང་བཏང་ནས་རྨས་སྐྱོན་ཕོག་པའི་གནས་ཚུལ་ལས་འཕྲོས་པ་རེད།
དེའི་ཐད་དབྱིན་ཡུལ་གྱི་བོད་རང་དབང་ལས་འགུལ་ཚོགས་པས་ཕྱིར་བསྒྲགས་ཤིག་སྤེལ་བའི་ནང་། ཧོང་ཀོང་དམངས་གཙོ་དོན་གཉེར་བ་ཞིག་གིས་ཞི་བའི་ངོ་རྒོལ་སྤེལ་བའི་སྐབས་སུ་རྒྱ་ནག་གི་གཞུང་ཚབ་ཡན་ལག་གི་སྒོ་རའི་ནང་འདྲུད་ནས་རུབ་རྡུང་བཏང་བའི་གྱོད་གཞི་དེར་ང་ཚོས་གདུང་སེམས་མཉམ་སྐྱེས་བྱེད་བཞིན་ཡོད། དབྱིན་ཇིའི་ལུང་པའི་ནང་ངོ་རྒོལ་བྱེད་ཆོག་པ་དེ་རྒྱ་ནག་ནང་དང་མི་འདྲ་བར་མི་ཚོའི་ཁྲིམས་མཐུན་གྱི་ཐོབ་ཐང་ཞིག་ཡིན་པས། ཚབས་ཆེན་གྱི་གནད་དོན་དེ་དབྱིན་ཇི་གཞུང་གིས་ཐག་གཅོད་ནན་པོ་ཞིག་མ་གནང་ཐབས་མེད་རེད་ཅེས་བཀོད་འདུག ད་དུང་བོད་རང་དབང་ལས་འགུལ་ཚོགས་པའི་གཙོ་འཛིན་(Sam Walton)་ལགས་ཀྱིས། རྒྱ་ནག་གཞུང་གི་ཁྲམ་པའི་བྱ་སྤྱོད་སྤེལ་མཁན་དེ་དག་གིས་དབྱིན་ཇིའི་ནང་དུ་ཁྲིམས་མཐུན་གནས་སྡོད་པ་དང་། མི་སེར་ཚོར་དཀའ་ངལ་འཕྲད་མུས་རེད། དེར་བརྟེན་དབྱིན་ཇིའི་ནང་སྲིད་བློན་ཆེན་གྱིས་ངེས་པར་དུ་རྒྱ་ནག་གི་རྩུབ་སྤྱོད་དེ་རིགས་ལ་ཡོངས་གྲགས་ཀྱིས་སྐྱོན་བརྗོད་བྱེད་དགོས་པ་གསུང་འདུག
གཞན་དབྱིན་ཡུལ་ནང་གི་བོད་རིགས་སྤྱི་འཐུན་ཚོགས་པའི་ཚོགས་གཙོ་བསྟན་འཛིན་ཀུན་དགའ་ལགས་ཀྱིས། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་ན། དབྱིན་ཇིའི་ལུང་པ་ནི་ཁྲིམས་ཡོད་པ་དང་རང་དབང་ཡོད་པའི་ལུང་པ་ཡིན། དེ་བས་མི་མང་ལ་སྐད་འབོད་ངོ་རྒོལ་གྱི་རང་དབང་ཐོབ་ཐང་ཡོད། དེ་བས་རྒྱ་ནག་གཞུང་ཚབ་ཀྱི་རྭ་སྐོར་ནང་ངོ་རྒོལ་བར་རུབ་རྡུང་བཏང་བ་ནི་ཚད་ལས་བརྒལ་བའི་བྱ་སྤྱོད་རེད། དེ་བས་དབྱིན་ཇི་གཞུང་གིས་ཞིབ་འཇུག་མཐར་ཕྱིན་པ་གནང་དགོས་བའི་འབོད་སྐུལ་བྱས་ཡོད་པ་བརྗོད་བྱུང་།

གསར་འགོད་པ། དབྱངས་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎