གཡུ་སྒྲ་ལགས་ཀྱིས་ཨ་རིའི་(UFC)་རྒྱལ་སྤྱིའི་ཁུ་ཚུར་དྲག་རྩལ་འགྲན་བསྡུར་གྱི་རྟིང་རྩོད་ཁྲོད་རྒྱལ་ཁ་བླངས་འདུག

གཡུ་སྒྲ་ལགས་ཀྱིས་ཨ་རིའི་(UFC)་རྒྱལ་སྤྱིའི་ཁུ་ཚུར་དྲག་རྩལ་འགྲན་བསྡུར་གྱི་རྟིང་རྩོད་ཁྲོད་རྒྱལ་ཁ་བླངས་འདུག
དེ་ཡང་སྤྱི་ཟླ་༢བའི་ཚེས་༣ཉིན་ཨ་རིའི་གྲོང་ཁྱེར་(Las Vegas)་རུ་འཚོགས་པའི་ཨ་རིའི་(UFC featherweight finals)་རྒྱལ་སྤྱིའི་ཁུ་ཚུར་དྲག་རྩལ་རྟིང་རྩོད་འགྲན་བསྡུར་ཁྲོད། བོད་རིགས་ཁུ་ཚུར་དྲག་རྩལ་བ་གཡུ་སྒྲ་ལགས་ཀྱིས་འགྲན་ཐུན་དང་པོར་འགྲན་ཡུན་སྐར་མ་གསུམ་དང་སྐར་ཆ་གསུམ་གྱི་ནང་ཁ་གཏད་(Kaiwen)་ཕམ་ཉེས་བཏང་ནས་རྒྱལ་ཁ་བླངས་ནས་ད་ཆ་ཁོང་ཨ་རིའི་(UFC)་རྒྱལ་སྤྱིའི་ཁུ་ཚུར་དྲག་རྩལ་པར་གྱུར་ཡོད་པ་རེད།
སྐབས་དེར་(UFC)་ཡི་གསར་འགོད་པས་གཡུ་སྒྲ་ལགས་སུ་ད་རེས་འགྲན་ཐུན་འདིར་རྒྱལ་ཁ་ཐོབ་ནས་ད་ཆ་དངོས་སུ་ཁྱེད་རང་(UFC)་རྒྱལ་སྤྱིའི་ཁུ་ཚུར་དྲག་རྩལ་པ་ཞིག་ཏུ་གྱུར་བར་སེམས་ཚོར་གང་འདྲ་འདུག་ཅེས་དྲིས་སྐབས། ཁོང་གིས། ངས་(UFC)་རྒྱལ་སྤྱིའི་ཁུ་ཚུར་དྲག་རྩལ་འགྲན་བསྡུར་ནང་རྒྱལ་ཁ་ཐོབ་པ་བྱས་ནས། (UFC)་ཡི་གན་རྒྱའི་རྩེད་འགྲན་པ་ཞིག་ཏུ་འགྱུར་བ་བྱ་རྒྱུ་ཡིན་ཞེས་བཤད་པ་བཞིན་ད་ཆ་དེ་མངོན་འགྱུར་བྱུང་བ་རེད། ད་རེས་འགྲན་བསྡུར་གྱི་རྒྱལ་ཁ་དེ་ང་ལ་ཐོབ་ཡོད་མོད། ཡིན་ནའང་ངའི་འགྲན་ཡ་སྟེ་ངའི་གྲོགས་པོ་ཁེ་ཝོན་ཡང་རྩེད་འགྲན་པ་ཁྱད་དུ་འཕགས་པ་ཞིག་རེད། འགྲན་རྩོད་ཀྱི་ལམ་ཁ་དེའི་ནང་དུ་དཀའ་ངལ་ཇི་ཙམ་ལ་གདོང་ལེན་བྱེད་དགོས་པ་ནི་ང་ཚོ་རྩེད་འགྲན་པ་རང་གི་མ་གཏོགས་ཤེས་ཀྱི་མ་རེད། དེར་བརྟེན་མཐའ་མར་ངེད་གཉིས་ཀ་(UFC)་དང་གན་རྒྱ་བཞག་ཐུབ་པའི་རེ་བ་ཡོད་ཅེས་ལན་འདེབས་གནང་འདུག
ད་ལྟ་རང་ལོ་༢༧ཡིན་པའི་གཡུ་སྒྲ་ལགས་ནི་རྒྱ་ནག་གི་(MMA)་ཞེས་སྣ་འཛོམས་དྲག་རྩལ་འགྲན་སྡུར་གྱི་རྩེད་འགྲན་པ་གྲགས་ཅན་ཞིག་ཡིན་པ་དང་། ཁོང་ནི་རྒྱ་ནག་གཞུང་གིས་བཅད་བགོས་བྱས་པའི་རྔ་པ་བོད་རིགས་རང་སྐྱོང་ཁུལ་ཁྱུང་ཆུ་ནས་ཡིན་པ་དང་། ཁོང་ཡང་བོད་ཀྱི་དྲག་རྩལ་བ་མགོན་པོ་ལགས་ཀྱིས་བཙུགས་པའི་མགོན་པོ་དྲག་རྩལ་ཁང་གི་སློབ་མ་ཡིན་པ་རེད་ལ། ད་རེས་གཡུ་སྒྲ་ལགས་ལ་ཨ་རིའི་(UFC)་རྒྱལ་སྤྱིའི་ཁུ་ཚུར་དྲག་རྩལ་འགྲན་བསྡུར་ཁྲོད་རྒྱལ་ཁ་ཐོབ་སྐབས་གསར་འགོད་པའི་དྲི་བར་ལན་འདེབས་བྱས་པའི་ནང་། ཁོང་གིས་ད་དུང་མུ་མཐུད་ནས་རང་ཉིད་ཡར་རྒྱས་སུ་གཏོང་ངེས་ཡིན་ཞེས་དང་། མཇུག་མཐར་ཁོང་རང་ཉིད་ཀྱི་རྩེད་འགྲན་རུ་ཁག་དང་། མགོན་པོ་དྲག་རྩལ་ཁང་། དེ་བཞིན་ཁོང་གི་ཕ་མ་སོགས་ཀྱི་རྒྱབ་སྐྱོར་ལ་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། ཚང་མར་ལོ་གསར་ལ་འཚམས་འདྲིའི་བཀྲ་ཤེས་བདེ་ལེགས་ཞུ། ཀི་ཧི་ཧི་ཞེས་འབོད་སྒྲ་བསྒྲགས་འདུག
གཞན་དེ་སྔ་སྤྱི་ལོ་༢༠༢༠ལོའི་སྤྱི་ཟླ་༡༡ཚེས་༢༨ཉིན་ཨ་རིའི་གྲོང་ཁྱེར་(Las Vegas)་རུ་འཚོགས་པའི་(UFC)་རྒྱལ་སྤྱིའི་ཁུ་ཚུར་དྲག་རྩལ་འགྲན་བསྡུར་ཁྲོད། བོད་རིགས་ཁུ་ཚུར་དྲག་རྩལ་བ་བསོད་ནམས་དར་རྒྱས་ལགས་ཀྱིས་ཀྱང་རྒྱལ་ཁ་བླངས་ཡོད།
དེ་མིན་བོད་རིགས་ལུས་རྩལ་བ་ཆོས་དབྱིངས་སྐྱིད་སོགས་རྒྱལ་སྤྱིའི་རྩེད་འགྲན་ཁག་ཏུ་ཞུགས་རྒྱུའི་གོ་སྐབས་ཐོབ་མཁན་བོད་ཀྱི་ན་གཞོན་ལུས་རྩལ་བ་གང་མང་ཞིག་གིས་རྒྱལ་སྤྱིའི་རྩེད་འགྲན་རིམ་པའི་ནང་རྩེ་གྲས་སུ་སླེབས་ནས་རྒྱལ་ཁ་ལོན་ཡོད་པ་རེད།
གསར་འགོད་པ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།