ཨ་རིའི་སྲུང་སྐྱོབ་དྲུང་ཆེས་རྒྱ་གར་དུ་འཚམས་གཟིགས།
2012.06.05
༄༅༎ཨ་མི་རི་ཀའི་སྲུང་སྐྱོབ་དྲུང་ཆེ་སྐུ་ཞབས་ལིཡོན་པ་ནེ་ཊ་ད་རེས་རྒྱ་གར་དུ་འཚམས་འདྲི་ཕེབས་ཡོད་པ་ལྟར་ཁོང་གིས་འཚམས་འདྲི་དེའི་སྐབས་རྒྱ་གར་ཕྱོགས་ནས་ཨཕ་ག་ནིསི་ཏན་ནང་འགན་འཁུར་གྱི་ལས་དོན་མང་ཙམ་བཞེས་དགོས་པའི་འབོད་སྐུལ་གནང་རྒྱུའི་འཆར་གཞི་ཡོད་པ་རེད།
དེ་རིང་ཨ་རིའི་དཔོན་རིགས་ནས་འཆར་ཅན་གསར་འགོད་ལྷན་ཚོགས་ཐོག་གསུང་པར། སྐུ་ཞབས་ལིཡོན་པ་ནེ་ཊ་མཆོག་དེ་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཕེབས་འབྱོར་བྱུང་བ་དང༌། འདས་པའི་མི་ལོ་བཅུ་ལྷག་གི་རིང་ལ། རྒྱུ་མཚན་མང་པོ་ཞིག་གི་ཐོག་ནས་རྒྱ་གར་གཞུང་གིས་ཨཕ་ག་ནིསི་ཏན་ནང་དུ་འགན་འཁུར་གྱི་ཕྱག་ལས་དམིགས་བསལ་གང་ཡང་བཞེས་མེད་པ་རེད། ང་ཚོའི་ངོས་ནས་རྒྱ་གར་གཞུང་གིས་ཨཕ་ག་ནིསི་ཏན་ནང་དུ་འགན་འཁུར་མང་ཙམ་བཞེས་རྒྱུར་དགའ་བསུ་ཡོད་ལ་དམིགས་བསལ་ཨཕ་ག་ནིསི་ཏན་ནང་གི་ཆབ་སྲིད་དང་དཔལ་འབྱོར་གྱི་ཐོག་ལ་འགན་འཁུར་གྱི་ཕྱག་ལས་གནང་རྒྱུར་རེ་བ་ཆེན་པོ་ཡོད་ཅེས་གསུང་ཡོད་པ་རེད། ད་རེས་ཨ་མི་རི་ཀིའི་སྐུ་ཚབ་སྐུ་ཞབས་ལིཡོན་པ་ནེ་ཊ་ཡིས་རྒྱ་གར་དུ་འཚམས་འདྲི་ཕེབས་པ་དེ་ནི། རྒྱ་གར་གྱི་སྲིད་བློན་སྐུ་ཞབས་མཱན་མོ་ཧན་སིང་མཆོག་དང་རྒྱ་གར་རྒྱལ་ཡོངས་སྲུང་སྐྱོབ་སློབ་སྟོན་པ་སྐུ་ཞབས་ཤིལྦ་ཤང་ཀར་མཆོག་དང་མཇལ་འཛོམས་སྐབས། རྒྱ་གར་གྱིས་ཨཕ་ག་ནིསི་ཏན་ནང་དུ་ཐེ་ཇུས་སམ་འགན་འཁུར་གྱི་ཕྱག་ལས་གནང་དགོས་པའི་གནད་དོན་དང༌། ཨ་མི་རི་ཀས་ཨེ་ཤི་ཡའི་མངའ་ཁུལ་དུ་འཛིན་པའི་ཐབས་ཇུས་གསར་པ་སོགས་ཀྱི་སྐོར་ལ་བཀའ་བསྡུར་གནང་རྒྱུ་དང་ལྷག་དོན་རྒྱ་གར་ངོས་ནས་དེ་སྔོན་ཨཕ་ག་ནིསི་ཏན་གྱི་ཉེན་རྟོག་པ་དང་དམག་མིར་དམག་རྩལ་སྦྱོང་བརྡར་སྤྲད་ཡོད་ཀྱང་རིམ་པས་ཉུང་དུ་བཏང་བ་དེ་སླར་ཡང་གཞི་རྒྱ་ཆེ་རུ་གཏོང་རྒྱུའི་ཐུགས་རེ་གནང་གི་ཡོད་པ་རེད།