ཨ་རིས་རྒྱ་ནག་གི་དངུལ་ཁང་ལ་ཉེས་ཆད་གཏོང་རྒྱུའི་ཉེན་བརྡ།
2011.09.28
༄༅༎ཨ་རིའི་ནོར་སྲིད་སྤྱི་ཁྱབ་ལས་ཁུང་གི་དྲུང་ཆེ་གཞོན་པ་དྲི་ལྦེདྲ་ཀོ་ཧེན་རྒྱ་ནག་དུ་གཟིགས་སྐོར་གནང་བར་ཕེབས་པའི་སྐབས་སུ། རྒྱ་ནག་གི་དངུལ་ཁང་ཆེ་ཁག་བཞིས་ ཨ་རིའི་རྡུལ་ཕྲན་བཀག་སྡོམ་གྱི་ཁྲིམས་གཞིར་འགལ་རྫོལ་གྱིས་ཨི་རན་གྱི་ཉེན་སྲུང་མ་འཇོག་ཁེ་གཉེར་ལས་ཁང་དང་ཚོང་འབྲེལ་བྱས་པ་ཡིན་ན་ཨ་མི་རི་ཀས་རྒྱ་མིའི་དངུལ་ཁང་ལ་ཉེས་ཆད་གཏོང་རྒྱུ་ཡིན་སྐོར་དེ་རིང་གསུང་བཞག།
ཨ་རིའི་ནོར་སྲིད་སྤྱི་ཁྱབ་ལས་ཁུང་གི་དྲུང་ཆེ་གཞོན་པ་དྲེ་ལྦིདྲ་ཀོ་ཧེན་ད་རེས་རྒྱ་ནག་ལ་གཟིགས་སྐོར་གནང་རྗེས་ཧོང་ཀོང་དུ་ཕེབས་གཞོན་རྒྱ་ནག་དངུལ་ཁང་དང༌། རྒྱ་ནག་འཛུགས་སྐྲུན་དངུལ་ཁང༌། རྒྱ་ནག་གི་བཟོ་གྲྭ་དང་ཚོང་ལས་དངུལ་ཁང༌། རྒྱ་ནག་གི་ཞིང་ལས་དངུལ་ཁང་བཅས་དངུལ་ཁང་ཆེ་ཁག་བཞིའི་སྐུ་ཚབ་འཐུས་མི་དང་མཇལ་འཕྲད་གནང་སྟེ། ཨི་རན་གྱིས་རྡུལ་ཕྲན་གོ་མཚོན་བཟོ་འདོན་ལ་མཁོ་བའི་མ་དངུལ་མཁོ་རུབ་ཐོག་བཀག་སྡོམ་གནང་རྒྱུའི་ཐབས་ལམ་ཁག་གྲོས་བསྡུར་གནང་ཡོད་པ་རེད།
དེ་རིང་དྲེ་ལྦིདྲ་ཀོ་ཧེན་ཡིས་གསར་འགོད་པ་ཚོར་། ཁོང་གིས་རྒྱ་ནག་དངུལ་ཁང་ཁག་ལ་ གལ་ཏེ་ཁོང་ཚོས་ཨི་རན་གྱི་ཉེན་སྲུང་མ་འཇོག་ཁེ་གཉེར་ལས་ཁང་མོ་ཨེལ་ལེམ་ནས་དངུལ་ལེན་པ་ཡིན་ན། ཨ་མི་རི་ཀས་རྒྱ་ནག་གི་དངུལ་ཁང་དང་ཚོང་འབྲེལ་མཚམས་འཇོག་བྱ་རྒྱུ་ཡིན་སྐོར་གསལ་པོ་གསུངས་པ་ཡིན་ཞེས་འགྲེལ་བརྗོད་གནང་བཞག།
མོ་ཨེལ་ལེམ་ཉེན་སྲུང་མ་འཇོག་ཁེ་གཉེར་ལས་ཁང་གིས་ཨི་རན་རྒྱལ་ཡོངས་ཀྱི་ཕྱིར་ཚོང་དངོས་རྫས་འོར་འདྲེན་གྱི་ལས་དོན་བྱེད་མཁན་ ཨི་རན་མཚོ་ཐོག་དངོས་ཟོག་འོར་འདྲེན་ཁེ་ལས་ཁང་གི་ཉེན་སྲུང་བྱེད་ཀྱི་ཡོད་སྟབས། གོང་ཞུས་ཚོང་ལས་ཁེ་གཉེར་ལས་ཁང་དེ་གཉིས་པོས་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་གཏན་འབེབས་གནང་བའི་འཛམ་གླིང་ནང་རྡུལ་ཕྲན་ཁྱབ་བརྡལ་མི་འགྲོ་བའི་སྒྲིག་གཞི་ཁག་ལ་སྲུང་བརྩི་ཞུ་གི་མེད་པ་རེད།