ཨ་རིའི་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གི་སྲིད་ཇུས་གསལ་སྟོན།
2009.12.15
༄༅༎ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ཀི་ལིན་ཀྲེན་གྱིས་འགྲོ་བ་མིའི་ཐོབ་ཐང་ཀྱི་གནད་དོན་ཐད་ཨ་མི་རི་ཀས་རྒྱ་ནག་དང་ར་ཤི་ཡ་ལ་གྲུབ་འབྲས་ཀྱི་དམིགས་ཡུལ་རང་བཞིན་ཅན་གྱི་འབྲེལ་ལམ་བྱེད་བཞིན་ཡོད་པ་གསུངས་འདུག་ འདི་ནི་ལྕམ་ཧི་ལ་རི་ཀི་ལིན་ཀྲེན་གྱིས་སྲིད་འཛིན་ཨོ་སྦ་མའི་གཞུང་གི་འགྲོ་བ་མིའི་ཐོབ་ཐང་གི་སྲིད་བྱུས་གསལ་སྟོན་གནང་པ་ཞིག་ཡིན་པ་རེད།
ཧི་ལ་རི་ཀི་ལིན་ཀྲེན་གྱིས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་སྲིད་བྱུས་བཟུང་ཕྱོགས་ལ་རྒྱལ་སྤྱིའི་ཉེས་ཡངས་ལ་སོགས་པ་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་ཅན་གྱི་ཚོགས་པ་མང་པོས་སྐྱོན་བརྗོད་ཆེན་པོ་བྱེད་བཞིན་ཡོད་པ་རེད།
གཟའ་ཟླ་བའི་ཉིན་ཨ་མི་རི་ཀའི་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གི་སྲིད་བྱུས་གསལ་སྟོན་གནང་པའི་སྐབས་ལྕམ་ཧི་ལ་རི་ཀི་ལིན་ཀྲེན་གྱིས་རྒྱ་ནག་ལ་ཨ་མི་རི་ཀའི་གཞུང་གིས་གྲངས་ཉུང་མི་རིགས་བོད་དང་ཤིན་ཅང་ནང་གི་མི་ཚོའི་ཐོབ་ཐང་ལ་བརྩི་སྲུང་དགོས་པ་བརྗོད་ཡོད་ལུགས་གསལ་བཤད་གནང་ཞིང་དེ་བཞིན་ཁོང་གིས་ཨ་མི་རི་ཀའི་ངོས་ནས་རྒྱ་ནག་ནང་སོ་སོའི་བསམ་ཚུལ་ཤོད་པ་དང་རང་དབང་གི་ཐོག་ནས་ཆོས་བྱེད་རྒྱུ་དང་དེ་བཞིན་ཁྲིམས་ལུགས་དང་མི་བརྒལ་བའི་ཐོག་ནས་སྤྱི་ཚོགས་དང་ཆོས་ལུགས་ཀྱི་བདེ་དོན་གོང་འཕེལ་གཏོང་ཐབས་བྱེད་མཁན་ཚོའི་ཐོབ་ཐང་ལ་ཡང་བརྩི་སྲུང་འབྱུང་རྒྱུར་མུ་འཐུད་འབད་བརྩོན་བྱ་རྒྱུ་ཡིན་ཞེས་གསུངས་འདུག།
ད་དུང་ཁོང་གིས་ཨ་མི་རི་ཀའི་ངོས་ནས་པེ་ཅིང་དང་སྦས་གསང་མེད་པའི་ཐོག་ནས་བཀའ་མོལ་གནང་རྒྱུ་ཡིན་པ་གསུངས་ཀྱང་མང་ཚོགས་དང་བརྒྱུད་ལམ་སོགས་ཀྱི་མདུན་ཨ་མི་རི་ཀ་ལས་ཡུལ་གྲུ་གཞན་མང་བ་འདོན་སྲིད་པ་གསུངས་ཏེ་ཨ་མི་རི་ཀའི་ངོས་ནས་གཙོ་བོ་སྒོ་རྒྱབ་ཏུ་བཀའ་མོལ་གནང་རྒྱུའི་ཐབས་ལམ་བེད་སྤྱོད་གནང་རྒྱུ་ཡིན་པ་གསུངས་འདུག།