ཨ་རིས་འབར་མར་འཛིན་པའི་སྲིད་ཇུས་བསྐྱར་སྒྲིག།
2011.04.11
༄༅༎ཨ་མི་རི་ཀས་འབར་མའི་ཐོག་འཛིན་པའི་སྲིད་བྱུས་ལ་བསྐྱར་སྒྲིག་གནང་ཕྱིར་སྲིད་འཛིན་ཨོ་བ་མ་མཆོག་གིས་ཨ་རིའི་རྒྱལ་སྲུང་ལྷན་ཁང་གི་དཔོན་རིགས་ཤིག་དམིགས་བསལ་སྐུ་ཚབ་ལ་འདེམས་བསྐོ་གནང་ཡག་རེད་འདུག།
ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གིས་འབར་མའི་ཐོག་དཔལ་འབྱོར་གྱི་དམ་བསྒྲགས་བཀག་བསྡོམས་ཕྱིར་བསྡུ་བྱ་རྒྱུའི་འབོད་སྐུལ་གནང་བཞིན་ཡོད་པར། ཨ་མི་རི་ཀས་སྐྱོན་བརྗོད་གནང་གི་ཡོད་པ་དང༌། རྒྱ་གར་དང་རྒྱ་ནག་གཉིས་ཀས་འབར་མའི་ནང་སྲིད་ལ་ཐེ་བྱུས་བྱ་འདོད་མེད་པའི་རྣམ་འགྱུར་བཏོན་པའི་ཐོག་ནས་ཕྱོགས་སོ་སོའི་འབྲེལ་བ་བྱེད་སྟངས་མི་འདྲ་བ་ཡོད་སྟབས། ཨ་མི་རི་ཀས་འབར་མའི་མཉམ་གྲོས་མཐུན་འཇོག་རྒྱུ་དེ་གནད་དོན་ལས་སླ་པོ་ཞིག་རྩ་བ་ནས་མ་རེད།
འོན་ཀྱང་ཨ་རིའི་གྲོས་ཚོགས་གོང་མས་འབར་མའི་ཐོག་གི་དམིགས་བསལ་སྐུ་ཚབ་ལ་གཏན་འཁེལ་གནང་རྒྱུའི་ཨ་རིའི་རྒྱལ་སྲུང་དྲུང་ཆེ་ལས་རོགས་གཞོན་པ་དྲེ་རེཀ་མི་ཆེལ་ཡིས་ འབར་མའི་ཐོག་གི་དཔལ་འབྱོར་གྱི་དམ་བསྒྲགས་བཀག་བསྡོམས་ཕྱིར་བསྡུ་བྱ་རྒྱུ་དང༌། ཡང་ཕྱོགས་འགལ་དམངས་གཙོ་ཚོགས་པའི་དབུ་འཁྲིད་ལྕམ་སུ་ཅི་ལ་རྒྱབ་སྐྱོར་ཡོད་སྐོར་གསུང་དགོས་ཐུག་སྲིད་རྒྱུ་ཡིན་སྟབས། ཨ་རིའི་དམིགས་བསལ་སྐུ་ཚབ་ཀྱིས་འབར་མའི་དྲག་པོའི་གཞུང་དང་གྲོས་བསྡུར་གནང་ཁག་ཙམ་ཆགས་རྒྱུ་ཡིན་སྐོར་ཇོཇ་ཀྲའོན་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་
འབར་མའི་ཐོག་ལ་མཁས་པ་དྲེ་ལྦེདྲ་སི་ཀྲའེན་སྦག་ཡིས་དཔྱད་པ་གནང་བཞག།
ཨེ་ཤི་ཡའི་ནང་ལོ་མང་ཞུགས་མྱོང་ཡོད་པའི་རྒྱ་ནག་ཐོག་གི་མཁས་པ་དྲེ་རེཀ་མི་ཆེལ་ཡིས་༢༠༠༧ལོར་ཕྱི་འབྲེལ་སྲིད་བྱུས་ཀྱི་དུས་དེབ་ནང༌། འབར་མ་ཡུལ་གྱིས་ཆབ་སྲིད་བཅོས་སྒྱུར་གྱི་ལམ་ཐོག་དངོས་སུ་བཞུགས་རྒྱུ་དང༌། རྒྱལ་ཁབ་བསྐྱར་འགྲིག་གི་འདུན་པ་ཡོད་ཚེ་ ལྷོ་ཤར་ཨེ་ཤི་ཡའི་ཡུལ་ཁག་མཉམ་མཐུན་ལྷན་ཚོགས་དང༌། རྒྱ་ནག། རྒྱ་གར། ཉི་ཧོང༌། ཨ་རི་བཅས་མཉམ་རུབ་ཀྱི་ཐོག་ནས་འབར་མའི་མ་འོངས་འཆར་གཞི་གསར་བཟོ་ཐུབ་རྒྱུ་ཡིན་པའི་རྩོམ་ཡིག་ཅིག་བྲིས་གནང་ཡོད་པ་རེད།