༧གོང་ས་མཆོག་སྐུ་འཚོ་བཞུགས་སྐབས་གྲོས་མོལ་ཞུ་ཐབས།

ཨ་མི་རི་ཀས་རྒྱ་ནག་གཞུང་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་༧གོང་ས་མཆོག་སྐུ་འཚོ་བཞུགས་སྐབས་གོ་སྐབས་ལེན་ཐུབ་པ་བྱེད་དགོས།

2011.07.14

༄༅༎ཨ་མི་རི་ཀས་རྒྱ་ནག་གཞུང་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་འཚོ་བཞུགས་སྐབས་གོ་སྐབས་ལེན་ཐུབ་པ་བྱེད་དགོས་རྒྱུ་གལ་ཆེན་པོ་ཡིན་ལུགས་གསུངས་ཡོད་འདུག

དེ་ཡང་ཁ་ས་རེས་གཟའ་ལྷག་པའི་ཉིན་འདི་ག་རྒྱལ་ས་ཝ་ཤིང་ཀྲོན་དུ་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་གི་ལས་དོན་ཚན་པའི་ཐོག་ནས་གོ་སྒྲིགས་འོག་བོད་མི་ཚོར་༧གོང་ས་ཏཱ་ལའི་བླ་མ་མཚོན་དོན་གང་ཡིན་ནམ་ཞེས་པའི་བརྗོད་གཞིའི་ཐོག་གླེང་མོལ་གནང་ཡོད་པ་དང་། བགྲོ་གླེང་དེའི་ནང་། ཨ་རིའི་ཕྱི་སྲིད་ལས་ཁུངས་ནང་རྒྱལ་སྤྱིའི་ལས་དོན་ཐོག་གི་དྲུང་ཆེ་གཞོན་པ་དང་། བོད་དོན་འབྲེལ་མཐུད་པ་ལྕམ་མ་རི་ཡོ་ ཨོ་དྲེ་རོ་མཆོག་ཀྱང་མཉམ་ཞུགས་གནང་ཡོད་པ་ལྟར་ཁོང་གིས། ༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་བོད་མི་སྤྱི་ཡོངས་ཀྱི་གུས་བརྩི་ཞུ་ཡུལ་ཞིག་དང་བོད་མིའི་སྐུ་ཚབ་མཚོན་ཐུབ་པ་ཞིག་རེད་ལ་བོད་དོན་དཀའ་རྙོག་སེལ་ཐབས་སུ་ད་བར་ཁོང་གི་འཚེ་མེད་ཞི་བའི་ལམ་གྱི་ཐོག་ནས་འབད་བརྩོན་གནང་ཡོད་རེད། དེ་འདྲ་ཡིན་དུས་རྒྱ་ནག་གཞུང་གིས་ཁོང་དང་། ཁོང་གི་སྐུ་ཚབ་ལྷན་དུ་དཀའ་རྙོག་སེལ་ཐབས་བྱེད་རྒྱུ་དང་། ལྷག་པར་དུ་རྒྱ་ནག་རང་ཉིད་ཀྱི་ཁེ་ཕན་ཆེད་༧གོང་ས་མཆོག་སྐུ་འཚོ་བཞུགས་སྐབས་དོན་དམ་པའི་ཐོག་ནས་གྲོས་མོལ་ཞུ་ཐུབ་པ་ཡིན་ན་དགེ་མཚན་ཡོད་ལུགས་གསུངས་འདུག

ཡང་ལྕམ་ཨོ་ཀྲེ་རོ་མཆོག་གིས་མུ་མཐུད་ནས་གསུངས་དོན། ད་ལྟའི་ཨ་མི་རི་ཀའི་སྲིད་འཛིན་ཨོ་བྷ་མ་མཆོག་གི་སྲིད་གཞུང་ནས་བོད་ཀྱི་གནད་དོན་གཉིས་ཐོག་དགོངས་པ་བཞེས་ཀྱི་ཡོད་པ་དང་པོ་ནི། རྒྱ་ནག་གཞུང་དང་ཏཱ་ལའི་བླ་མ་མཆོག་འམ་ཁོང་གི་སྐུ་ཚབ་ལྷན་དུ་གྲུབ་འབྲས་སོན་པའི་གྲོས་མོལ་ཡོང་ཐབས་བྱེད་རྒྱུ་དང་། གཉིས་པ་ནི་བོད་མིའི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་མི་ཉམས་རྒྱུན་འཛིན་གནས་ཐབས་བྱེད་རྒྱུར་མཐུན་འགྱུར་བྱེད་རྒྱུ་དེ་རེད། གནད་དོན་དེ་དག་གི་ཐོག་ཨ་རིའི་སྲིད་འཛིན་མཆོག་གི་དབུས་པས་འབྲེལ་ཡོད་ལས་བྱེད་ཚང་མས་རྒྱ་ནག་གཞུང་ལ་སྐུ་ཚབ་རྣམ་པ་དང་གྲོས་མོལ་གནང་དགོས་ལུགས་བརྒྱུད་སྐུལ་དང་། བོད་མི་ཚོས་ལུགས་མཐུན་གྱི་རང་སྐྱོང་གི་གནས་བབས་ལས་རང་བཙན་བརྩོད་ལེན་བྱེད་ཀྱི་མེད་ལུགས། དེ་བཞིན་ཁོང་ཚོའི་ངོས་ནས་རང་གི་ཆོས་དང་རིག་གཞུང༌། སྐད་ཡིག་ཉམས་པ་སླར་གསོ་དང་མི་ཉམས་རྒྱུན་འཛིན་བྱེད་རྒྱུའི་འཐབ་རྩོད་དེ་ཡང་འཚེ་མེད་ཞི་བའི་ལམ་གྱི་ཐོག་ནས་བྱེད་ཀྱི་ཡོད་པའི་གནས་ཚུལ་རྣམས་ཡང་སེ་རྒྱ་ནག་གཞུང་ལ་དྲན་སྐུལ་བྱེད་ཀྱི་ཡོད། འོན་ཀྱང་རྒྱ་ནག་གཞུང་གི་ངོས་ནས་ཕྱི་ལོ་ ༢༠༡༠ ལོ་ནས་བཟུང་ད་བར་གྲོས་མོལ་བྱེད་རྒྱུ་བར་མཚམས་བཞག་པ་དང་། བོད་ནང་རྒྱ་ནག་གཞུང་ནས་བོད་མི་ཚོའི་ཐོག་ད་ལྟའང་དྲག་གནོན་བྱེད་བཞིན་པར་ཐུགས་ཕམ་ཡོད་ཅེས་གསུངས་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎