འབར་མའི་དྲག་པོའི་གཞུང་གི་བྱ་སྤྱོད་ལ་སྐྱོན་བརྗོད།
2011.02.15
༄༅༎རེས་གཟའ་ཟླ་བའི་ཉིན་ཨ་མི་རི་ཀའི་གཞུང་གིས་འབར་མའི་དྲག་པོའི་དབང་འཛིན་པ་ཚོས་ལྕམ་ཨང་སང་སུ་ཅིའི་ཐོག་ཉེན་བརྡ་གཏོང་རྒྱུའི་བྱ་སྤྱོད་རྙིང་པ་དེ་དག་མུ་འཐུད་ལག་བསྟར་བྱེད་བཞིན་ཡོད་པའི་སྐྱོན་བརྗོད་གནང་འདུག།
ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཕི་ལིབ་ཀ་རའོ་ལིས་འབར་མའི་གཞུང་གིས་ད་ཆ་འབར་མ་འདི་བཞིན་དུས་རབས་གསར་པ་ཞིག་གི་ནང་འགྲོ་བཞིན་ཡོད་པ་བརྗོད་ཀྱི་ཡོད་ན་ཡང་ ཨང་སང་སུ་ཅིའི་ཐོག་ཉེན་བརྡ་གཏོང་རྒྱུའི་བྱ་སྤྱོད་ཁག་ལ་འགྱུར་བ་གང་ཡང་ཕྱིན་མེད་པ་གསུངས་པ་དང་ ད་དུང་ཁོང་གིས་ གྱོན་གོས་གསར་པ་དེས་ལམ་ལུགས་གསར་པ་ཞིག་བཟོ་ཐུབ་ཀྱི་མ་རེད་ཅེས་གསུངས་འདུག།
ཉེ་ཆར་འབར་མའི་གཞུང་འབྲེལ་གྱི་བརྒྱུད་ལམ་ཁག་གི་ནང་ནུབ་ཕྱོགས་ཡུལ་གྲུ་ཁག་གིས་འབར་མའི་ཐོག་བཀལ་བའི་དཔལ་འབྱོར་ཉེས་ཆད་ཕྱིར་བསྡུ་ཡོང་བའི་ལས་དོན་ལ་ཨང་སང་སུ་ཅི་དང་ཁོང་གི་སྲིད་དོན་ཚོགས་པས་ངོ་རྒོལ་མུ་འཐུད་སྤེལ་རྒྱུ་མཚམས་འཇོག་མ་བྱེད་ཚེ་མཇུག་འབྲས་ཐབས་སྡུག་ཡོང་རྒྱུ་ངེས་པ་ཡིན་པའི་ཉེན་བརྡ་བཏང་ཡོད་པ་རེད།
བར་སྐབས་ནས་ལྕམ་ཨང་སང་སུ་ཅི་མཆོག་དང་ཁོང་གི་སྲིད་དོན་ཚོགས་པས་ནུབ་ཕྱོགས་ཀྱིས་འབར་མའི་ཐོག་བཀལ་བའི་དཔལ་འབྱོར་གྱི་ཉེས་ཆད་དེ་དག་གིས་ ཆབ་སྲིད་ཐོག་གནོན་ཤུགས་སྤྲོད་རྒྱུར་ཕན་ཐོགས་ཕྲན་བུ་ཡོད་པ་མ་ཟད་དཔལ་འབྱོར་ཉེས་ཆད་དེས་འབར་མའི་སྤྱི་ཚོགས་ཀྱི་དཔལ་འབྱོར་འཕེལ་རིམ་ཐོག་ཤུགས་རྐྱེན་ངན་པ་དེ་ཙམ་ཡོང་གི་མེད་པའི་ངོས་འཛིན་གྱི་ལངས་ཕྱོགས་ཞིག་བཟུང་སྟེ་ ཨ་མི་རི་ཀ་དང་ཡོ་རོབ་མཐུན་ཚོགས་ཀྱི་ཡུལ་གྲུ་ཁག་ལ་དཔལ་འབྱོར་གྱི་ཉེས་ཆད་ཕྱིར་བསྡུ་བྱེད་རྒྱུ་མེད་པའི་བསྐུལ་མ་གནང་བཞིན་ཡོད་པ་རེད།