པ་ཀི་སི་ཐན་ལ་རོཌ་དངུལ་ཉུང་འཁྲི་བྱ་དོན་སྐོར།
2011.07.21
༄༅༎ཨ་རིའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་པ་ཀི་སི་ཏན་སོགས་ཁ་ཆེའི་ལྟ་བ་མཁྲེགས་བཟུང་ཅན་གྱི་ཡུལ་གྲུ་ཁག་ལ་རོགས་དངུལ་ཉུང་འཁྲི་བྱ་རྒྱུའི་གྲོས་འཆར་བཏོན་འདུག ཨ་རིའི་སྤྱི་མཐུན་ཚོགས་པས་་དབུ་ཁྲིད་པའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ཚོགས་ཆུང་གིས་ཨ་རིའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་གཞུང་གིས་སྔོན་རྩིས་བཀའ་འཁྲོལ་ཆོག་མཆན་ཆེད་གྲོས་ཚོགས་སུ་འབུལ་ལམ་ཞུས་པའི་ཁོངས་ནས་ཕྱིའི་ཡུལ་གྲུ་ཁག་ལ་རོགས་དངུལ་གནང་རྒྱུའི་དངུལ་འབོར་ནས་ཨ་རིའི་ཌོ་ལར་ཐེར་འབུམ་དྲུག་དང་ཕྱེད་ཙམ་བཅོག་ཆའི་གྲོས་ཆོད་འཇོག་གནང་མཛད་ཡོད་པ་རེད།
འོན་ཀྱང་བཅོག་ཆའི་གྲོས་ཆོད་དངོས་སུ་ལག་བསྟར་ཡོང་བར་ཨ་རིའི་གྲོས་ཚོགས་གོང་མ་ནས་རྒྱབ་སྐྱོར་འཐོབ་དགོས་ཀྱི་ཡོད་ཀྱང་ཨ་རིའི་གྲོས་ཚོགས་གོང་མའི་ནང་མང་གཙོ་ཚོགས་པའི་འཐུས་མི་གྲངས་མང་ཡིན་པས་རྒྱབ་སྐྱོར་འཐོབ་མིན་ངེས་གཏན་མེད་པ་རེད། ཕྱིའི་ཡུལ་གྲུ་ཁག་ལ་རོགས་དངུལ་སྔོན་རྩིས་ལ་བཅོག་ཆ་གནང་དགོས་དོན་གཙོ་བོ་ནི། ཉེ་ལམ་པ་ཀི་སི་ཏན་ནང་འཇིགས་སྐུལ་དྲག་སྤྱོད་པའི་འགོ་ཁྲིད་ཨོ་ས་མ་སྦིན་ལ་རྡེན་ཨ་རིའི་དམག་མིས་བསད་པ་དང་ དེ་རྗེས་པ་ཀི་སི་ཏན་གཞུང་ངོ་ཚ་ཁ་སྐྱེངས་བྱུང་བ་མ་ཟད། ཡུལ་གཉིས་དབར་དོགས་གཞི་ཇེ་ཆེར་འགྲོ་བཞིན་པའི་དཀའ་རྙོག་འཕྲད་བཞིན་པ་རེད། ཉེ་ལམ་ཨ་རི་གཞུང་གིས་པ་ཀི་སི་ཏན་གྱི་བདེ་སྲུང་ཆེད་རོགས་དངུལ་ཨ་སྒོར་ཐེར་འབུམ་གཉིས་དང་ཚེག་བདུན་བཀའ་འཁྲོལ་བཏང་ཟིན་པ་ནས་གསུམ་ཆ་གཅིག་ཙམ་སྔ་འཕྲོས་ཕྱིར་འཐེན་གནང་བ་ཡིན་པ་རེད།
འོན་ཀྱང་ཞི་བའི་མི་མང་གི་བདེ་དོན་ཆེད་དེ་སྔོན་ཨ་རིའི་ཌོ་ལར་ཐེར་འབུམ་བདུན་དང་ཕྱེད་ཀ་བཀའ་འཁྲོལ་བཏང་ཟིན་པ་ལྟར་རོགས་དངུལ་ཡོངས་རྫོགས་གནང་རྒྱུར་འགྱུར་བ་མེད་ལུགས་ཨ་རིའི་གཞུང་གིས་གསལ་བཤད་གནང་ཡོད་པ་རེད། འོན་ཀྱང་པ་ཀི་སི་ཏན་གཞུང་གིས་རང་ཡུལ་དུ་རྟེན་གཞི་བྱེད་བཞིན་པའི་འཇིགས་སྐུལ་དྲག་སྤྱོད་པར་ཁ་གཏད་མ་བཅག་པར་འདི་མུར་བཞག་ཚེ་ཨ་རིའི་བཀའ་འཁྲོལ་བཏང་ཟིན་པའི་ཞི་བའི་མི་མང་གི་བདེ་དོན་རོགས་དངུལ་ལ་འགྱུར་བ་འགྲོ་སྲིད་པ་ཡིན་པ་རེད།
ཕྱོགས་མཚུངས་ཁ་ཆེའི་ཡུལ་གྲུ་ཨི་ཇིཔཏ་དང་པེ་ལེསི་ཀྲིན་སྒྲིག་འཛུགས། ཡེ་མེན་སོགས་ཡུལ་གྲུ་ཁག་ཅིག་ལ་ཡང་རོགས་དངུལ་ཉུང་འཁྲི་བྱེད་སྲིད་པ་ཡིན་པ་རེད།