ཨ་རིའི་གྲོས་ཚོགས་འཐུས་མིས་རྒྱ་ནག་གི་སྲིད་ཇུས་ལ་སྐྱོན་བརྗོད།
2011.01.21
༄༅༎ཨ་རིའི་གྲོས་ཚོགས་འཐུས་མི་ཞིག་ནས་རྒྱ་ནག་གི་སྲིད་འཛིན་མཆོག་ལ་བོད་དང་ཡུ་གུར་གྲངས་ཉུང་མི་རིགས་ཚོའི་རང་དབང་ལ་སྲུང་སྐྱོབ་ཀྱི་གནད་དོན་དང་། བཙན་ཤེད་ཀྱིས་སྐྱེས་སྒོ་བཀག་བཅུག་རྒྱུའི་སྲིད་བྱུས་ལ་སྐྱོན་བརྗོད་གནང་ཡོད་པའི་གནས་ཚུལ་ཐོན་འདུག
རྒྱ་ནག་གི་སྲིད་འཛིན་ཧུ་ཇིན་ཏའོ་མཆོག་འདི་ཚེས་བཅོ་བརྒྱད་ནས་ཉི་ཤུ་བར་ཉིན་གྲངས་གསུམ་རིང་འདི་ག་རྒྱལ་ས་ལྦ་ཤིང་ཀྲོན་དུ་རྒྱལ་དོན་འཚམས་འདྲི་གཟིགས་བསྐོར་ཕེབས་པས་མ་ཟད་ཨ་རིའི་སྲིད་འཛིན་ཕོ་བྲང་དུ་གཞུང་འབྲེལ་གསོལ་སྟོན་བཤམས་པ་དང་། སྲིད་འཛིན་བགྲེས་གཞོན་རྣམ་གཉིས་མཇལ་འཕྲད་གནང་ཡོད་པ་རེད། དེ་དང་ཕྱོགས་མཚུངས་ཨ་རིའི་གྲོས་ཚོགས་སུའང་ཕེབས་ནས་འབྲེལ་ཡོད་ཁག་ཅིག་དང་མཇལ་འཕྲད་གནང་ཡོད་པ་རེད། གྲོས་ཚོགས་འོག་མའི་ཕྱི་སྲིད་ལས་དོན་ཚན་པའི་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་དང་རྒྱ་ནག་གི་དཔོན་རིགས་ཚོའི་སྲིད་བྱུས་ལ་སྐྱོན་བརྗོད་ཤུགས་ཆེ་གནང་མཁན་ལྕམ་ཨེ་ལེ་ན་ རོ་སེ་ལན་ཀྲེན་མཆོག་ནས་མཇལ་འཕྲད་གྲུབ་པའི་རྗེས་གསར་འགོད་པ་ཚོར་གསུངས་དོན། སྲིད་འཛིན་ཧུ་ཇིན་ཏའོ་ལ་གནད་དོན་འགའ་ཤས་ཐོག་དགོངས་ཚུལ་གསུངས་ཡོད་པའི་ཁོངས་སུ་བཙོན་པ་ལིའུ་ཤའོ་བའོ་དང་། གའོ་ ཀྲེ་ཤེང་གིས་གཙོས་ཆབ་སྲིད་བཙོན་པ་ཁག་གློད་བཀྲོལ་གཏོང་དགོས་པ་དང་། བོད་དང་ཡུ་གུར་གྲངས་ཉུང་མི་རིགས་ཚོའི་རང་དབང་ལ་བརྩི་བཀུར་ཞུ་དགོས་པ། ཡེ་ཤུའི་ཆོས་བྱེད་པ་དང་། ཕ་ལུང་སྒོམ་གྲུབ་པ་ཚོར་ཆོས་དད་རང་དབང་སྤྲོད་དགོས་པ། རྒྱ་ནག་གཞུང་གི་འཛིན་བཞིན་པའི་བཙན་ཤེད་ཀྱིས་སྐྱེས་སྒོ་བཀག་ནས་ཕྲུ་གུ་གཅིག་མ་གཏོགས་སྐྱེས་མི་ཆོག་པའི་ཁྲིམས་གཞི་བཅས་ཀྱི་ཐོག་ཐུགས་འཚབ་ཡོད་ལུགས་གསུངས་ཡོད་ཀྱང་ཡ་མཚན་པ་ཞིག་ལ་གནད་དོན་གཅིག་གི་ཐོག་མ་གཏོགས་ལན་མ་རྒྱབ་པ་དང་། དེ་ཡང་བཙན་ཤེད་ཀྱིས་སྐྱེས་སྒོ་བཀག་རྒྱུའི་སྲིད་བྱུས་རྩ་བ་ནས་ཡོད་མ་རེད་ཅེས་ལན་རྒྱབ་བྱུང་ཞེས་གསུངས་འདུག དེ་དང་ཕྱོགས་མཚུངས་གྲོས་ཚོགས་འཐུས་མི་ཁི་རི་སི་ཀྲོ་ཕར་ སི་མིཐ་མཆོག་ནས་ཀྱང་སྲིད་འཛིན་ཧུ་ཇིན་ཏའོ་ཨ་རིར་མ་ཕེབས་པའི་གོང་གསར་འགོད་པ་ཚོར། རྒྱ་ནག་ནི་འགྲོ་བ་མིའི་ཐོབ་ཐང་བརྩི་བཀུར་མ་ཞུས་མཁན་རྒྱལ་ཁབ་སྡུག་ཤོས་དེ་ཡིན་པ་དང་། དེ་བཞིན་རྒྱ་ནག་གཞུང་ནས་བཙན་ཤེད་ཀྱིས་སྐྱེས་སྒོ་བཀག་གི་ཡོད་པ་སོགས་ཀྱི་གནད་དོན་ཐོག་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད་པ་རེད། གྲོས་ཚོགས་འཐུས་མི་ཁི་རི་སི་ སི་མིཐ་མཆོག་ཀྱང་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ། ཆོས་དད་རང་དབང་གི་གནད་དོན་ཐོག་རྒྱ་ནག་གུང་བྲན་སྲིད་གཞུང་གི་སྲིད་བྱུས་ལ་སྐྱོན་བརྗོད་ཤུགས་ཆེ་གནང་མཁན་ཞིག་ཡིན་པ་རེད།