རྒྱ་ནག་དང་ཨ་རི་བར་འགྲོ་བ་མིའི་ཐོབ་ཐང་སྐོར་བགྲོ་གླེང་གནང་བ།

ཨ་མི་རི་ཀ་དང་རྒྱ་ནག་དབར་གྱི་འགྲོ་བ་མིའི་ཐོབ་ཐང་གི་བགྲོ་གླེང་གི་ཚོགས་འདུ་ཞིག་ཨ་མི་རི་ཀའི་རྒྱལ་སར་ཚུགས་ཡོད་པ་རེད།

2010.05.15

༄༅༎ཨ་མི་རི་ཀ་དང་རྒྱ་ནག་དབར་གྱི་འགྲོ་བ་མིའི་ཐོབ་ཐང་གི་བགྲོ་གླེང་གི་ཚོགས་འདུ་ཞིག་ཨ་མི་རི་ཀའི་རྒྱལ་ས་ལྦ་ཤིང་ཀྲོན་དུ་འདས་པའི་ཉིན་གྲངས་གཉིས་རིང་ཚུགས་ཡོད་པ་དང་ གཟའ་པ་སངས་ཉིན་ཨ་མི་རི་ཀའི་གཞུང་གི་སྐུ་ཚབ་ཚོས་རྒྱ་ནག་གི་སྐུ་ཚབ་ཚོར་རྒྱ་ནག་ནང་གི་ཆོས་དད་རང་དབང་གི་ཐོབ་ཐང་སྐོར་དང་ལས་རྩོལ་བའི་ཐོབ་ཐང༌ རྨྲ་བརྗོད་རང་དབང་གི་ཐོབ་ཐང་ དེ་བཞིན་རྒྱ་ནག་ནང་སྲིད་དོན་སྐྱབས་བཅོལ་ཞུ་མཁན་ཚོའི་ཐོག་སྟངས་འཛིན་བྱ་ཕྱོགས་སོགས་ཀྱི་སྐོར་བཀའ་བསྡུར་གནང་ཡོད་པ་གསུངས་ཡོད་ཀྱང་ རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོས་བགྲོ་གླེང་གི་ཚོགས་འདུ་འདིའི་ཐོག་ནས་ཁ་ཡོད་ལག་ཡོད་ཀྱི་གྲུབ་འབྲས་གང་ཡང་སོན་མེད་པར་ཡིད་ཆེས་བྱེད་བཞིན་ཡོད་པ་རེད།

ཨ་མི་རི་ཀ་དང་རྒྱ་ནག་དབར་གྱི་འགྲོ་བ་མིའི་ཐོབ་ཐང་ཐད་ཀྱི་བགྲོ་གླེང་གི་ཚོགས་འདུ་དེ་དུས་ནས་དུས་སུ་ཚོགས་རྒྱུར་མོས་མཐུན་ཡོད་ཀྱང་ འདས་པའི་ལོ་གཉིས་ལྷག་རིང་ཚོགས་འདུ་འདི་རིགས་ཚུགས་ཐུབ་མེད་པ་རེད།

ཨ་རིའི་སྐུ་ཚབ་ཚོགས་ཆུང་གི་འགོ་འཁྲིད་ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་དེ་བཞིན་ལས་རྩོལ་བའི་གནད་དོན་ཐད་ཀྱི་ཕྱི་སྲིད་དྲུང་ཆེའི་ཕྱག་རོགས་མའེ་ཁལ་པོ་སི་ནར་གྱིས་ཁོང་གི་ངོས་ནས་རྒྱ་ནག་གི་སྐུ་ཚབ་ཚོར་རྒྱ་ནག་ནང་མང་གཙོ་གོང་འཕེལ་འབྱུང་ཐབས་ཀྱི་ཕྱི་ལོ་༢༠༠༨ཀྱི་རྩ་འཛིན་ཡིག་ཆ་ཟེར་བར་མིང་རྟགས་བཀོད་མཁན་ལིའུ་ཤའོ་བོ་དང་དེ་བཞིན་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་གནང་མཁན་ཁྲིམས་རྩོད་པ་སྒའོ་ཅི་ཤང་གཙོས་པའི་རྒྱ་ནག་གི་བཙོན་ཁང་ནང་ཡོད་པའི་རྒྱ་ནག་གཞུང་དང་སྲིད་དོན་གྱི་ལྟ་བ་མི་མཐུན་པ་ཚོའི་གནས་སྟངས་སྐོར་ཨ་མི་རི་ཀའི་ངོས་ནས་སེམས་ཚབས་གནང་བཞིན་ཡོད་པ་གསལ་བཤད་གནང་སྐོ་གསར་འགོད་པ་ཚོར་གསུངས་ཡོད་ཀྱང་རྒྱ་ནག་གི་ངོས་ནས་དེར་ཡ་ལན་ཇི་བྱས་གསལ་བཤད་གང་ཡང་གནང་མེད་པ་རེད་ལ་ དེ་བཞིན་ཁོང་གི་ངོས་ནས་རྒྱ་ནག་གི་སྐུ་ཚབ་ཚོར་བཙོན་ཁང་ནང་ཡོད་པའི་གཞུང་དང་སྲིད་དོན་གྱི་ལྟ་བ་མི་མཐུན་པ་དེ་དག་གློད་འགྲོལ་དགོས་སྐོར་གསུངས་མིན་སོགས་ཞིབ་ཕྲའི་དྲི་བར་ཡང་ལན་འདེབས་གནང་མེད་པ་རེད།

ཨ་རི་དང་རྒྱ་ནག་གི་དབར་གྱི་འགྲོ་བ་མིའི་ཐོབ་ཐང་ཐད་ཀྱི་བགྲོ་གླེང་གི་ཚོགས་འདུ་འདིར་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོས་ཕྱོགས་གཉིས་ཀའི་ངོས་ནས་བགྲོ་གླེང་བྱེད་བཞིན་ཡོད་པའི་རྣམ་འགྱུར་བཏོན་ཐབས་ཙམ་ལས་དོན་དུ་གྲུབ་འབྲས་སོན་པའི་དམིགས་ཡུལ་ཕྱོགས་གཉིས་ཀར་མེད་པའི་སྐྱོན་བརྗོད་བྱེད་བཞིན་ཡོད་པ་རེད། དཔེར་ན་ཨ་མི་རི་ཀའི་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་འགན་འཛིན་སྐུ་ཞབས་ཊི་ཀུ་མར་གྱིས་གྲུབ་འབྲས་གང་ཡང་མ་སོན་པའི་བགྲོ་གླེང་ཞིག་བྱས་པ་དེས་རྒྱ་ནག་ལ་བགྲོ་གླེང་ལས་དོན་དེའི་བརྒྱབ་ཏུ་གབ་སྟེ་ལས་དོན་ངོ་མའི་ཐོག་ལག་ལེན་གང་ཡང་བསྟར་མི་དགོས་པའི་གུ་སྐབས་སྤྲད་པ་ཞིག་རེད་ཅེས་གསུངས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎