ཨ་རི་དང་བྱང་ཀོ་རི་ཡའི་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་སྐོར།
2009.12.18
༄༅༎ཨ་རི་གཞུང་གིས་བྱང་ཀོ་རི་ཡས་ཡུལ་དེའི་རྡུལ་ཕྲན་གོ་མཚོན་བཟོ་སྐྲུན་ལས་འཆར་མཚམས་འཇོག་གི་ཡུལ་གྲུ་དྲུག་གི་ལྷན་ཚོགས་ཐོག་ཕྱིར་ལོག་བྱས་ཚེ་ཨ་རིས་བྱང་ཀོ་རི་ཡའི་ནང་ཨ་རིའི་དོན་གཅོད་ལས་ཁང་ཞིག་འཛུགས་རྒྱུའི་གྲོས་འགོ་བཏོན་ཡོད་པ་རེད་
གོང་ཞུས་གྲོས་འགོ་དེ་བཞིན་ཨ་རིའི་བྱང་ཀོ་རི་ཡའི་གནད་དོན་ཐོག་གི་དམིགས་བསལ་སྐུ་ཚབ་སི་ཊི་ཕེན་སྦོ་སི་ལྦོཐ་གཟའ་འཁོར་སྔོན་མ་བྱང་ཀོ་རི་ཡར་ཕེབས་པའི་སྐབས་བྱང་ཀོ་རི་ཡའི་དཔོན་རིགས་ཀིམ་ཇོང་ཨིལ་ལ་ཨ་རིའི་སྲིད་འཛིན་གྱི་ཕྱག་བྲིས་ཤིག་ཕུལ་ཡོད་པའི་ནང་འཁོད་ཡོད་ལུགས་ལྷོ་ཀོ་རི་ཡའི་ཡོན་ཧོབ་གསར་འགྱུར་ཐོག་མིང་འདོན་གནང་འདོད་མེད་པའི་གཞུང་འབྲེལ་དཔོན་རིགས་ཤིག་གིས་བརྗོད་པ་ལུང་འདྲེན་བྱས་ནས་གནས་ཚུལ་སྤེལ་ཡོད་པ་རེད་ གལ་སྲིད་བྱང་ཀོ་རི་ཡ་ཕྱོགས་ནས་ཡུལ་གྲུ་དྲུག་གི་ལྷན་ཚོགས་ཐོག་ཕྱིར་ལོག་བྱས་ཚེ་ཨ་རིིའི་གཞུང་གི་དོན་གཅོད་ལས་ཁང་བྱང་ཀོ་རི་ཡའི་རྒྱལ་ས་པིཡོང་ཡེང་་དུ་དུས་སང་གི་ལོ་འགོར་འཛུགས་རྒྱུ་ཡིན་ལུགས་གནས་ཚུལ་དེའི་ནང་མུ་མཐུད་འཁོད་ཡོད་འདུག གོང་ཞུས་གནས་ཚུལ་དེའི་ཐོག་ཨ་རིའི་གཞུང་འབྲེལ་དཔོན་རིགས་ནས་ར་འཕྲོད་གནང་ཡོད་ཅིང་ཨ་རིའི་དཔོན་རིགས་ནས་གཟའ་ལྷག་པའི་ཉིན་ཨ་རིའི་བྱང་ཀོ་རི་ཡའི་གནད་དོན་ཐོག་གི་དམིགས་བསལ་སྐུ་ཚབ་བརྒྱུད་ནས་ཨ་རིའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་ཡིས་དམིགས་བསལ་སྐུ་ཚབ་བྱང་ཀོ་རི་ཡར་ཕེབས་པའི་སྐབས་བྱང་ཀོ་རི་ཡའི་དཔོན་རིགས་ཀིམ་ཇོང་ཨིལ་ལ་ཕྱག་བྲིས་ཤིག་འབུལ་ཡོད་ར་ཁྲོད་གནང་ཡོད་པ་དང་ཡིན་ནའང་ཕྱག་བྲིས་དེའི་ནང་དོན་ཕྱིར་བསྒྲགས་གནང་རྒྱུར་ཁས་ལེན་གནང་མེད་པ་རེད་ ཨ་རིའི་དམིགས་བསལ་སྐུ་ཚབ་ཕྱི་ཟླ་བཅུ་གཉིས་པའི་ཚེས་བརྒྱད་ནས་བཅུ་བར་དུས་ཡུན་ཉིན་གྲངས་གསུམ་རིང་བྱང་ཀོ་རི་ཡའི་ནང་ཕེབས་པའི་རྗེས་བྱང་ཀོ་རི་ཡ་དང་ཨ་རི་ཕྱོགས་གཉིས་ཀས་ཡུལ་གྲུ་དྲུག་གི་ལྷན་ཚོགས་བསྐྱར་དུ་ཚོགས་རྒྱུ་དེ་དགོས་ངེས་ཡིན་པར་ངོས་འཛིན་གནང་ལུགས་གསལ་སྟོན་གནང་ཡོད་པ་དང་ ཡིན་ནའང་བྱང་ཀོ་རི་ཡ་ལྷན་ཚོགས་ཐོག་བསྐྱར་དུ་ཞུགས་རྒྱུའི་དུས་ཚོད་ངེས་གཏན་མེད་པའི་སྐོར་ཕྱིར་བསྒྲགས་གནང་ཡོད་པ་རེད་ ལྷོ་ཀོ་རི་ཡའི་ཡོན་ཧོབ་ཚགས་ཤོག་གིས་གནས་ཚུལ་སྤེལ་བའི་ནང་ཨ་རི་དང་བྱང་ཀོ་རི་ཡ་དབར་གྱི་འབྲེལ་ལམ་རྒྱུན་ལྡན་ཅན་དུ་འགྱུར་རྒྱུ་སོགས་ཀྱི་གནད་དོན་ཐོག་དོན་དང་ལྡན་པའི་གྲོས་མོལ་འགོ་འཛུགས་བྱ་རྒྱུར་ཕྱོགས་གཉིས་ཀས་རེ་སྒུག་བྱེད་བཞིན་ཡིན་པ་དང་གལ་སྲིད་ལམ་ལྷོང་བྱུང་ཚེ་ལོ་གསར་པའི་ལོ་སྟོད་དུ་བྱང་ཀོ་རི་ཡའི་རྡུལ་ཕྲན་གོ་མཚོན་གྱི་བཟོ་སྐྲུན་ལས་འཆར་མཚམས་འཇོག་གི་ཡུལ་གྲུ་དྲུག་གི་ལྷན་ཚོགས་བསྐྱར་དུ་ཚུགས་ཐུབ་སྲིད་པའི་སྐོར་འཁོད་ཡོད་འདུག།