རང་དབང་གིས་དྲ་རྒྱ་ལྟ་ཀློག་ཐུབ་ཐབས་འཚོལ་ཞིབ།
2012.06.12
༄༅༎འཛམ་གླིང་གི་རྒྱལ་ཁབ་གང་ཞིག་ནང་མི་དམངས་ལ་དྲ་རྒྱ་སོགས་བལྟ་ཀློག་གི་རང་དབང་མེད་པའི་ནང་ཨ་རིའི་གཞུང་གིས་རང་དབང་བསྐྲུན་ཐབས་ཀྱི་ཐབས་ལམ་ཞིག་འཚོལ་ཐབས་གནང་གི་ཡོད་པ་རེད།
རྒྱལ་ཁབ་གང་ཞིག་ནང་མི་དམངས་ལ་དྲ་རྒྱ་བེད་སྤྱོད་གཏོང་རྒྱུ་དང་དྲ་རྒྱ་བལྟ་ཀློག་བྱེད་པའི་རང་དབང་མེད་པ་ཚོར་ཐབས་ལམ་ཞིག་འཚོལ་བཞིན་ཡོད་པས། ཐབས་ལམ་དེ་ནི་གཅིག་བྱས་ན་smartphone app ནང་བལྟ་ཀློག་ཐུབ་པ་ཡོང་སྲིད་པ་དང༌། ཡང་ན་ལྐོག་ཏུ་སྐུད་མེད་འབྲེལ་མཐུད་ཅིག་བཟོས་ཏེ། དེ་ཡིས་གཞུང་གིས་དྲ་རྒྱའི་བཀག་བསྡོམ་གྱི་ཁྱབ་ཁོངས་ཀྱི་ཕྱི་ལས་གྲོལ་ཐུབ་པ་ཡོང་སྲིད་པ་ཡིན་ཞིང༌། ལས་དོན་འཆར་གཞི་དེ་ནི། ཨ་རིའི་གཞུང་གིས་རྒྱུ་གྲོན་བཏང་བ་དང་ཨ་རིའི་ཚོང་ལས་པས་བཟོས་ཏེ། ལོ་རྗེས་མའི་འགོ་སྟོད་དུ་བཏོན་ཐུབ་པའི་འཆར་གཞི་ཡོད་པའི་སྐོར་གསུང་ཡོད་པ་རེད། ཨ་རིའི་གཞུང་ཕྱོགས་ནས་དེ་ལྟར་འབད་བརྩོན་གནང་དགོས་དོན་ནི། མི་དམངས་ཚོར་དྲ་རྒྱ་བདེ་སྤྱོད་གཏོང་ཐུབ་པ་ཙམ་མ་ཟད་པའི་དྲ་རྒྱའི་ཐོག་སྨྲ་བརྗོད་རང་དབང་བེད་སྤྱོད་གཏོང་བ་བརྒྱུད་དངོས་ཡོད་གནས་ཚུལ་ཤེས་རྟོགས་ཡོང་བའི་ཆེད་དུ་ཡིན་པ་བཀོད་ཡོད་པ་རེད། དེ་ཡང་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ཕྱག་རོགས་མའེ་ཀལ་པོསི་ནར་གྱིས་ཕེ་རན་སི་གསར་འགྱུར་ལས་ཁང་ལ་འགྲེལ་བརྗོད་གནང་དོན།
ཨ་རི་གཞུང་གིས་མཐུན་རྐྱེན་དེ་ནི། གང་དུ་འགྲེམས་སྤེལ་གནང་གི་ཡོད་མེད་ཐག་གཅོད་གནང་མེད་པ་དང༌། ཡིན་ནའང་ཨ་རི་གཞུང་གི་དམིགས་ཡུལ་ནི། མི་དམངས་ཚོར་སྨྲ་བརྗོད་རང་དབང་བསྐྲུན་ཐབས་དང༌། ཁོང་ཚོའི་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱོད་རྒྱུ་ཡོང་བའི་ཆེད་དུ་དམིགས་པ་ཞིག་ཡིན་པ་ལས། དམིགས་ཡུལ་ནི་རྒྱལ་ཁབ་བཅོས་བསྒྱུར་གཏོང་རྒྱུའི་ཆེད་ལ་མིན་ལ། ང་ཚོའི་ངོས་ནས་མཐུན་རྐྱེན་དེ་སུ་ལ་སྤྲོད་མིན་ཐག་གཅོད་བྱ་རྒྱུ་མིན་པ་གསུང་ཡོད་པ་རེད།