ཨོ་སྦ་མ་ཉི་ཧོང་དུ་ཞི་བའི་གཟེངས་རྟགས་ཀྱི་ལྷན་ཚོཌ་སུ་ཕེབས་རེ།
2010.09.22
༄༅༎རྒྱལ་ཁབ་ཀྱི་དབུ་ཁྲིད་ལས་ཐོག་དང་ཟུར་པ་ལྔས་ཨ་རིའི་སྲིད་འཛིན་ཨོ་སྦ་མ་མཆོག་ལ་རིང་མིན་ཕྱི་ཟླ་༡༡པའི་ནང་ཉི་ཧོང་གི་གྲོང་ཁྱེར་ཧི་རོ་ཤི་མར་འཚོགས་གནང་རྒྱུའི་ནོ་བེལ་ཞི་བའི་གཟེངས་རྟགས་བཞེས་མཁན་ཚོའི་ལྷན་འཛོམས་ཐོག་ཕེབས་དགོས་རྒྱུའི་སྐུལ་མ་གནང་འདུག།
༢༠༠༩ལོའི་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་གནང་མཁན་ཨ་རིའི་སྲིད་འཛིན་ཨོ་སྦ་མ་མཆོག་གིས་གོང་ཞུས་རེ་སྐུལ་ལ་ད་ལྟ་ལན་གནང་མེད་པ་རེད།
ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཡིན་པའི་སྐབས་ཀྱི་དབུ་ཁྲིད་ཟུར་པ་མི་ཀེལ་གོར་སྦ་ཆེལྦ་དང༌། པོའོ་ལེན་གྱི་ལེཀ་ལྦ་ལེ་ས། ལྷོ་ཨཕ་རི་ཀའི་ལྦི་ལིཡེམ་ཌེ་ཀ་ལཀ་དང་ཀོ་སི་ཀྲ་རི་ཀའི་ཨ་རི་ཡ་སི་སེན་ཆེཛ་དང་ ཤར་ཏི་མུར་གྱི་སྲིད་འཛིན་ཧོ་སེ་ར་མོ་སི་ཧོར་ཏ་བཅས་ཀྱིས་སྲིད་འཛིན་ ཨོ་སྦ་མ་ལ་འབོད་སྐུལ་གྱི་ཟུང་འབྲེལ་ཕྱག་བྲིས་ཞིག་གནང་ཡོད་པའི་སྐོར་གྲོང་ཁྱེར་ཧི་རོ་ཤི་མའི་དཔོན་རིགས་ཅིག་གིས་ཕ་རེན་སི་གསར་ལས་ཁང་ལ་ཞལ་པར་ཐོག་ནས་གསུངས་བཞག།
ཉི་ཧོང་གི་ཧི་རོ་ཤི་མ་གྲོང་ཁྱེར་གྱི་ཞི་བདེའི་ལས་དོན་མཚན་པའི་དཔོན་རིགས་སེ་ཀི་ཨ་ར་ཀི་ཡིས་དུས་ཚོད་ཀྱི་ཆ་ནས་སྲིད་འཛིན་ཨོ་སྦ་མ་ལྷན་ཚོགས་དེའི་ནང་ཕེབས་ཐུབ་རྒྱུ་ཡིན་པ་དང༌། གནད་དོན་ག་བར་ཐུག་པ་ཡིན་ནས་གྲོང་ཁྱེར་ཧི་རོ་ཤི་མས་ཁོང་ཕེབས་པའི་རེ་བ་ཞུ་བཞིན་ཡོད་ཅེས་གསུངས་འདུག།
ཕྱི་ཟླ་༡༡པའི་ཚེས་༡༣ནས་༡༤བར་ཉི་ཧོང་གི་མཚོ་ཁའི་གྲོང་ཁྱེར་ཡོ་ཀོ་ཧ་མའི་ནང་ཨེ་ཤི་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་ཡུལ་ཁག་གི་དབུ་ཁྲིད་རྣམ་པའི་ཆེས་མཐོའི་ལྷན་ཚོགས་ཤིག་གནང་གི་ཡོད་པའི་སར་ ཨ་རིའི་སྲིད་འཛིན་ཨོ་སྦ་མ་མཆོག་ཕེབས་བཞུགས་གནང་གི་ཡོད་པ་རེད། འཛམ་གླིང་དམག་ཆེན་གཉིས་པའི་སྐབས་རྡུལ་ཕྲན་འབོམ་གྱི་གཏོར་རྒོལ་བཏང་སའི་ཉི་ཧོང་གྱི་གྲོང་ཁྱེར་ཧི་རོ་ཤི་མར་ད་ཕན་ཨ་རིའི་སྲིད་འཛིན་ལས་ཐོག་སུ་ཞིག་གིས་ཕེབས་མྱོང་མེད་པ་རེད།