ཨ་རིའི་སྲིད་འཛིན་གྱིས་༧གོང་ས་མཆོག་མཇལ་དོན་ལ་དཔྱད་རྩོམ།
2011.07.27
༄༅༎ཉེ་ཆར་ཨ་རིའི་སྲིད་འཛིན་ཨོ་བ་མ་མཆོག་གིས་ཕོ་བྲང་དཀར་པོའི་ནང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུས་པ་དེས་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱས་པ་ཞིག་དང༌། རྒྱ་ནག་དང་ཨ་རི་གཉིས་དབར་གྱི་འབྲེལ་བར་དོ་ཕོག་ཐེབས་ཡོད་པའི་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་པ་དེ་ནི། སྔ་ལོ་༢༠༡༠ལོར་སྲིད་འཛིན་ཨོ་བ་མ་མཆོག་གིས་༧གོང་ས་མཆོག་དང་མཇལ་འཕྲད་ཞུ་སྐབས་རྒྱ་ནག་གིས་ངོ་རྒོལ་བྱས་པ་དང་གཅིག་མཚུངས་ཡིན་སྐོར་ཚོང་དུས་བབ་(Business Times)ཅེས་པའི་གསར་ཤོག་ནང་དཔྱད་རྩོམ་ཞིག་སྤེལ་འདུག།
༢༠༡༠ལོར་ཨ་རིའི་སྲིད་འཛིན་གྱིས་༧གོང་ས་མཆོག་དང་མཇལ་འཕྲད་ཞུས་པའི་རྗེས་དང༌། ཐེ་ལྦན་ལ་གོ་མཚོན་ཚོང་སྒྱུར་གྱི་འཆར་གཞི་གསལ་བསྒྲགས་བྱས་རྗེས། རྒྱ་ནག་གིས་ཨ་རི་མཉམ་དམག་དོན་གྱི་འབྲེལ་བ་མཚམས་འཇོག་བྱས་ཡོད་པ་རེད། འོན་ཀྱང་ད་རེས་རྒྱ་ནག་གིས་ངག་ཐོག་ནས་སྐྱོན་བརྗོད་བྱས་པ་ཙམ་མ་གཏོགས་ད་བར་ཕྱོགས་གཉིས་དབར་གྱི་འབྲེལ་ལམ་ལ་དོ་ཕོག་འགྲོ་གཞིའི་ཐག་གཅོད་རིགས་གང་ཡང་ལག་བསྟར་བྱས་མེད་པ་རེད། གང་ལཌ་ཤེ་ན་ ཕྱོགས་གཅིག་ནས་ཨོ་བ་མ་སྲིད་གཞུང་གིས་ཐེ་ལྦན་ལ་མཁའ་དམག་་གནམ་གྲུ་ཐོན་གསར་F-16ཚོང་སྒྱུར་གནང་མིན་ཐད་ལོ་འདིའི་ཕྱི་ཟླ་༡༠པའི་ནང་ཐག་གཅོད་གནང་རྒྱུ་ཡིན་པ་དེར་རྒྱ་ནག་གིས་ལྟ་ཞིབ་བྱེད་བཞིན་ཡོད་པ་དང༌། ཕྱོགས་གཞན་ཞིག་ནས་ལོ་རྗེས་མ་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཤི་ཅིན་ཕིང་ཨརིའི་ནང་ལྟ་སྐོར་ལ་ཡོང་རྒྱུའི་འཆར་གཞི་ཞིག་ཀྱང་ཡོད་པ་རེད། ཤི་ཅིན་ཕིང་ཨ་རིའི་ནང་མ་ཡོང་གོང་ཨ་རིའི་སྲིད་འཛིན་སྐུ་གཞོན་ལོ་རྗེས་མ་དབྱར་དུས་རྒྱ་ནག་ལ་གཟིགས་སྐོར་ཕེབས་རྒྱུ་ཡིན་པ་རེད། རྒྱ་ནག་གཞུང་འབྲེལ་ཉིན་རེའི་གསར་ཤོག་ཐོག་རྒྱ་ནག་གིས་གནས་ཚུལ་དབྱེ་ཞིབ་བྱས་པར་གཞིགས་ན། ཨ་རིའི་སྲིད་འཛིན་ཨོ་བ་མ་ཡིས་༧གོང་ས་༧ཏཱ་ལའི་བླ་མ་མཆོག་མཇལ་འཕྲད་ཞུ་ཡག་དེ་ཨ་རིའི་རྒྱལ་ནང་གི་ཆབ་སྲིད་དགོས་མཁོའི་ཆེད་༧གོང་ས་མཆོག་བེད་སྤྱོད་བཏང་བ་ཞིག་ཡིན་སྐོར་འགྲེལ་བརྗོད་བྱས་ཡོད་ཅིང༌། ཨ་རིའི་སྲིད་འཛིན་ངོས་ནས་༧གོང་ས་༧ཏཱ་ལའི་བླ་མ་མཆོག་མཇལ་འཕྲད་ཞུ་ཡག་དེ་ནི་འོས་འཕེན་པ་ཚོས་རང་ཉིད་ཀྱི་གཞུང་དེ་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡོང་བའི་མཐོང་ཚུལ་ཡོང་རྒྱུ་དང༌། ཨ་རིས་རྒྱ་ནག་ཐོག་འདོད་བློ་མ་མཚིམས་པའི་གནས་ཚུལ་ཡོད་པ་གསལ་བསྟོན་བྱ་རྒྱུའི་དོན་དུ་ཡིན་སྐོར་རྒྱ་ནག་ཉིན་རེའི་གསར་ཤོག་ནང་གནས་ཚུལ་སྤེལ་ཡོད་པ་རེད།