ཨ་རི་གྲོས་ཚོགས་འོག་མའི་འཐུས་མི་ཁག་ནས་ཐེ་ལྦན་ལ་རྒྱབ་སྐྱོར།

ཨ་རིས་ཐེ་ཝན་ལ་གོ་མཚོན་ཚོང་བསྒྱུར་གྱི་ལས་གཞི་མདུན་བསྐྱོད་གནང་དགོས་རྒྱུར་སྣོན་ཤུགས་སྤྲོད་རྒྱུའི་གྲོས་ཆོད་འཇོག་ཐབས་གནང་བཞིན་པ།

2009.11.21

༄༅༎ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ནང་གི་ཐེ་ཝན་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་གྱི་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་གིས་སྲིད་འཛིན་ཨོ་བྷཱ་མའི་ངོས་ནས་ཐེ་ཝན་ལ་གོ་མཚོན་ཚོང་བསྒྱུར་གྱི་ལས་གཞི་མདུན་བསྐྱོད་གནང་དགོས་རྒྱུར་སྣོན་ཤུགས་སྤྲོད་རྒྱུའི་གྲོས་ཆོད་ཅིག་འཇོག་ཐབས་གནང་བཞིན་ཡོད་པ་དང་ དེས་ཨ་མི་རི་ཀ་དང་རྒྱ་ནག་འབྲེལ་ལམ་བཟང་དུ་འགྲོ་བཞིན་པའི་གནས་བབས་ལ་དོ་ཕོགས་གཏོང་ཉེན་ཡོད་པ་གནད་དོན་དབྱེ་ཞིབ་པ་ཚོས་བརྗོད་བཞིན་ཡོད་པ་རེད།

སྲིད་འཛིན་ཨོ་བྷ་མ་གཟའ་འཁོར་འདིའི་ནང་རྒྱ་ནག་ཏུ་ཕེབས་སྐབས་རྒྱ་ནག་དང་ཕྱོགས་གང་ཅིའི་འབྲེལ་ལམ་བཟང་དུ་གཏོང་འདོད་ཡོད་པའི་རྣམ་འགྱུར་ཤུགས་ཆེ་བསྟན་པར་གཞིགས་ན་ཐེ་ཝན་ལ་ཨ་རིའི་མཁའ་དམག་གནམ་གྲུ་ཨེཕ་༡༦རྟགས་ཅན་ཚོང་བསྒྱུར་བྱ་རྒྱུར་བྲེལ་བ་གང་ཡང་གནང་རྒྱུ་མིན་པ་གསལ་པོར་མཚོན་ཐུབ་རྒྱུ་ཡིན་པ་རེད།

འོན་ཀྱང་ཐེ་ཝན་ལ་རྒྱབ་སྐྱོར་གནང་མཁན་གཞུང་འཛིན་ཚོགས་པ་དང་ཁ་གཏད་ཚོགས་པའི་འཐུས་མི་ཁག་གཅིག་ལས་གྲུབ་པའི་གྲོས་ཚོགས་ཀྱི་སྣེ་ཡོད་འཐུས་མི་ཁག་གཅིག་གིས་ཁྲིམས་ཡིག་གྲོས་ཆོད་ཅིག་གཏན་འབེབས་ཡོང་ཐབས་གནང་བཞིན་ཡོད་ཅིང་གལ་ཏེ་ཁྲིམས་ཡིག་དེར་མང་མོས་རྒྱབ་སྐྱོར་བྱུང་ཚེ་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཧི་ལ་རི་ཀིལན་ཀྲན་དང་བདེ་སྲུང་དྲུང་ཆེ་རོ་བྷརཌ་གྷེཊསི་ས་སོས་ཨ་མི་རི་ཀ་དང་ཐེ་ཝན་དབར་གྱི་བདེ་འཇག་སྲུང་སྐྱོབ་འབྲེལ་ལམ་གྱི་ལས་དོན་འཕེལ་རིམ་གྱི་གནས་བབས་ཉིན་གྲངས་དགུ་བཅུའི་ནང་གྲོས་ཚོགས་ལ་སྙན་སེང་ཞུ་དགོས་པ་ཆགས་རྒྱུ་ཡིན་པ་རེད།

ཨ་རིའི་གྲོས་ཚོགས་ཀྱི་ཁྲིམས་འཆར་འདི་སྤྱི་མཐུན་ཚོགས་པའི་འཐུས་མི་ལྕམ་ཨི་ལི་ཡ་ན་རོསི་ལེ་ཀྲི་ནེན་གྱིས་དབུ་འཁྲིད་གནང་སྟེ་བཏོན་པ་ཞིག་ཡིན་ཞིང་ཁོང་ནི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ནང་གི་སྤྱི་མཐུན་ཚོགས་པའི་འཐུས་མི་མཐོ་ཤོས་དེ་ཡིན་པ་དང་ཁྲིམས་འཆར་རྒྱབ་སྐྱོར་ཞུ་མཁན་གྱི་ཁོངས་སུ་སྤྱི་མཐུན་ཚོགས་པའི་འཐུས་མི་གཞན་བཞི་དང་སྲིད་འཛིན་ཨོ་བྷ་མ་རང་ཉིད་ཀྱི་སྲིད་དོན་མང་གཙོ་ཚོགས་པའི་འཐུས་མི་གསུམ་ཡོད་པ་རེད།

ཐེ་ཝན་གྱི་གནད་དོན་འདི་ཨ་རིའི་གྲོས་ཚོགས་ནས་ཆེས་ཛ་དྲག་ཆེ་བའི་རང་བཞིན་ཞིག་ཏུ་ངོས་འཛིན་གནང་རྒྱུ་མིན་ན་ཡང་ཐེ་ཝན་ལ་གོ་མཚོན་ཚོང་བསྒྱུར་བྱེད་མིན་ཐད་ཐག་གཅོད་གང་ཡང་མ་ཐུབ་པའི་གནས་སྟངས་འདིར་མུ་འཐུད་འཇོག་རྒྱུར་ཡང་མོས་མཐུན་གནང་གི་མེད་པ་རེད།

སྲིད་འཛིན་བུཤ་གྱི་སྐབས་ཐེ་ཝན་ལ་ཨ་རིའི་ཌོ་ལར་ཐེར་འབུམ་དྲུག་དང་ཕྱེད་ཀ་ལྷག་གནས་པའི་གོ་མཚོན་ཚོང་བསྒྱུར་གནང་རྒྱུའི་ཐག་གཅོད་གནང་ཞིང་རྒྱ་ནག་གི་ངོས་ནས་ཧ་ཅང་གི་ཁོང་ཁྲོ་ཆེན་པོ་བྱས་ཡོད་པ་རེད། ཐེ་ཝན་གྱི་སྲིད་འཛིན་མཱ་ཡིང་ཇོས་རྒྱ་ནག་དང་འབྲེལ་ལམ་ཉེ་རུ་གཏོང་རྒྱུའི་སྲིད་བྱུས་ཤིག་ལག་བསྟར་བྱེད་བཞིན་ཡོད་ཀྱང་དུས་མཚུངས་ཐེ་ཝན་གྱི་བདེ་འཇག་སྲུང་སྐྱོབ་ཀྱི་ལས་དོན་དེང་དུས་ཅན་དུ་འགྱུར་ཐབས་སུ་ཨ་མི་རི་ཀའི་ངོས་ནས་གོ་མཚོན་ཚོང་བསྒྱུར་ཡོང་བའི་རེ་འདུན་ཡང་བཏོན་གནང་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎