ཨ་རིའི་གྲོས་ཚོཌ་ཀྱི་ཚོཌ་གཙོས་བོད་དོན་རྒྱབ་སྐྱོར་ཆེད་དམ་བཅའ།
2009.03.10
༄༅༎ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་ནེན་སི་པེ་ལོ་སི་མཆོག་གིས་བོད་དོན་རྒྱབ་སྐྱོར་སྔར་ལྷག་གནང་རྒྱུའི་ཞལ་བཞེས་དམ་བཅའ་ཟབ་མོ་གནང་བ་དང་སྦྲགས་བོད་མིས་རང་དབང་སྒེར་ལངས་གནང་སྟེ་ལོ་ལྔ་བཅུ་འཁོར་བའི་དུས་དྲན་སྲུང་བརྩི་དབུ་བཙུགས་གནང་འདུག
ཁ་ས་ཕྱི་དྲོ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་ཨ་རིར་ཡོད་པའི་བོད་མིའི་མཐུན་ཚོགས་མཉམ་འབྲེལ་སྒོ་ནས་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཁང་ཆེན་མོ་ཞིག་ནང་སྣེ་ལེན་གོ་སྒྲིགས་ཞུས་པའི་ཐོག་ཚོགས་གཙོ་ལྕམ་ནེན་སི་པེ་ལོ་སི་མཆོག་གིས་རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་བྱེད་མུས་ཁག་མཚམས་འཇོག་དགོས་པའི་གྲོས་གཞི་དེར་སྤྱི་མོས་སྒོ་ནས་མོས་མཐུན་རྒྱབ་སྐྱོར་ཐོབ་རྒྱུ་ཡིན་སྐོར་བཀའ་གནང་བ་མ་ཟད་གལ་ཏེ་རང་དབང་ལ་དགའ་བའི་མི་རྣམས་ཀྱིས་བོད་དང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་མ་གླེང་ཚེ་འཛམ་གླིང་གཞན་ནང་དེ་ཚོའི་སྐོར་གླེང་རྒྱུའི་ང་ཚོའི་བཟང་སྤྱོད་དབང་ཆ་ཤོར་རྒྱུ་ཡིན་སྐོར་བཀའ་གནང་འདུག་ལ་སྔ་ལོ་ནས་བཟུང་བོད་ནི་དྲག་པོའི་ཁྲིམས་གཞིའི་འོག་ཡོད་མུས་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པར་རང་ཡུལ་ནང་བོད་མི་རྣམས་དཔལ་འབྱོར་ཐོག་ནས་ཟུར་བཅད་དང་རང་གི་བསམ་ཚུལ་བཏོན་པ་ཙམ་གྱིས་འཛིན་བཟུང་བཙོན་འཇུག་བྱེད་ཀྱི་ཡོད་པ་བོད་མིའི་ཆོས་དང་རང་དབང་ལ་དམ་བསྒྲགས་བྱེད་ཀྱི་ཡོད་པ་གང་ལྟར་རྒྱ་གཞུང་གིས་བོད་ཐོག་འདས་པའི་ལོ་བཅུ་ཁྲག་འགའ་ཤས་རིང་གདུག་རྩུབ་དྲག་གནོན་ཆེ་བའི་སྲིད་ཇུས་འཛིན་བཞིན་པའི་རྐྱེན་གྱིས་རྒྱ་མིའི་དབང་བསྒྱུར་ལ་བོད་མི་རྣམས་འདོད་བློ་མ་ཚིམ་པ་སྤུངས་གསོག་ཐེབས་ནས་སྔ་ལོའི་ཞི་རྒོལ་ཆེན་མོ་བྱུང་བ་དང་ད་ཆ་རྒྱ་གཞུང་གིས་བོད་མི་རེ་རེའི་འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་ཞུ་རྒྱུའི་ཐབས་ལམ་ཞིག་འཚོལ་བའི་དུས་ལ་བབ་ཡོད་སྐོར་བཀའ་གནང་འདུག
ཡང་ཁོང་གིས་༸གོང་ས་མཆོག་གིས་འཛམ་གླིང་ཞི་བདེ་དང་འགྲོ་བ་མིའི་ཐོབ་ཐང༌དེ་བཞིན་ཆོས་ལུགས་ཕན་ཚུན་གོ་དོན་སྤེལ་ཐབས་ལ་ལེགས་སྐྱེས་བཟང་པོ་གནང་བའི་མཛད་འཕྲིན་བརླབ་ཆེན་ཁག་ལ་ངོས་འཛིན་ཞུ་ཕྱིར་སྔ་ལོ་ཨ་རིའི་སྲིད་འཛིན་སྦུཤི་དང་ལྷན་དུ་ཁོང་གིས་༸གོང་ས་མཆོག་ལ་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས་འབུལ་བཞེས་མཛད་སྒོར་དང་༸མགོན་པོ་གང་ཉིད་ཀྱིས་བསྩལ་བའི་ཞི་བདེའི་གསུང་འཕྲིན་ཁག་སྙིང་བཅངས་དགོས་པ་དང་བོད་མིས་རང་དབང་འཐབ་རྩོད་གནང་བཞིན་པ་ང་ཚོས་དུས་ནམ་ཡང་བརྗེས་རྒྱུ་མེད་སྐོར་ཡང་བཀའ་གནང་འདུག།