ཨ་རིའི་གྲོས་ཚོགས་འཐུས་མི་གཉིས་ནས་རྒྱ་ནག་གཞུང་ལ་རེ་སྐུལ།

རྒྱ་ནག་གཞུང་གིས་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་གཉིས་ལ་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བའི་མི་སྣ་ཐུག་འཕྲད་བྱ་རྒྱུ་བཀག་འགོག་བྱས་འདུག

2008.07.01

༄༅༎རྒྱ་ནག་གཞུང་གིས་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་འཐུས་མི་གཉིས་ལ་ རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བའི་མི་སྣ་ཐུག་འཕྲད་བྱ་རྒྱུ་བཀག་འགོག་བྱས་པའི་གནས་ཚུལ་བྱུང་རྗེས་ འཐུས་མི་དེ་གཉིས་ཀྱིས་ཨ་རིའི་སྲིད་འཛིན་ཇོཇེ་སྦུཤི་མཆོག་པེ་ཅིང་དུ་ཚུགས་རྒྱུའི་ཨོ་ལིམཔིག་རྩེད་འགྲན་དུ་ཕེབས་རྒྱུའི་ཐག་གཅོད་ལ་སླར་ཡང་དགོངས་བཞེས་གནང་དགོས་པའི་བསྐུལ་མ་ཞུས་ཡོད་འདུག

ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་འཐུས་མི་ ཕེརེང་ལྦུལ་ཕུ་ དང་ འཐུས་མི་ཁིརི་སི་སི་མིཐ་རྣམ་གཉིས་རྒྱ་ནག་ཏུ་ རྒྱ་ནག་ནང་ཆབ་སྲིད་དང་ཆོས་ལུགས་རང་དབང་གི་ཐོབ་ཐང་དོན་གཉེར་བྱེད་མཁན་གྱི་མི་སྣ་ཐུག་འཕྲད་ཆེད་ཕེབས་ཡོད་ཀྱང་ རྒྱ་ནག་གཞུང་གིས་མི་དེ་ཚོའི་ཐོག་གནོན་ཤུགས་སྤྲད་པའམ་བཙན་བཀའ་བཏང་སྟེ་ ཁོང་ཚོ་སུ་ཡང་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་འཐུས་མི་དེ་གཉིས་དང་ཐུག་འཕྲད་མི་ཆོག་པ་བཟོས་ཡོད་འདུག

ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་དེ་གཉིས་ཀྱིས་ རྒྱ་ནག་གཞུང་གི་བཙན་གནོན་གྱི་བྱ་སྤྱོད་དེས་ ཨོ་ལིམ་པིག་གི་ཁོར་ཡུག་སྤྱི་དང་སྲིད་འཛིན་སྦུཤི་ཕེབས་རྒྱུའི་འཆར་གཞིར་གྲིབ་ནག་ཆེན་པོ་ཞིག་གཡོག་ཡོད་པ་གསུངས་ཤིང་ དེ་ཡང་པེ་ཅིང་དུ་རེས་གཟའ་མིག་དམར་ཉིན་གསར་འགོད་ལྷན་ཚོགས་ཤིག་བསྐོར་ཚོགས་གནང་པའི་སྐབས་ ཨ་རིའི་གྲོས་ཚོགས་ཀྱིས་འཐུས་མི་སྐུ་ཞབས་ ཁིརི་སི་སི་མིཐ་ མཆོག་གིས་ གནས་ཚུལ་ཐབས་སྡུག་པ་ཞིག་ལ་ ཨོ་ལིམ་པིག་གི་རྐྱེན་པས་ གཞུང་གི་འཆམ་མཐུན་སྤྱི་ཚོགས་ཀྱི་ལྟ་གྲུབ་དང་མི་མཐུན་པའི་བསམ་ཚུལ་བཟུང་མཁན་གྱི་མི་སྣ་ཚོ་ཡོངས་སུ་ཁུ་སིམ་བཟོ་བའི་ལས་འགུལ་གཞི་རྒྱ་ཆེན་པོ་བརྩམ་བཞིན་ཡོད་པ་རེད་ཅེས་དང་ ཡང་གྲོས་ཚོགས་ཀྱི་འཐུས་མི་དེ་སྔ་བོད་ནང་ཕེབས་མྱོང་མཁན་སྐུ་ཚབ་ ཕེརེང་ལྦུལ་ཕུ་ མཆོག་གིས་རྒྱ་ནག་གཞུང་ལ་སྲིད་དོན་གྱི་བཙོན་པ་ ༧༣༤ བཙོན་ཁང་ནས་གློད་གྲོལ་དགོས་རྒྱུའི་མིང་ཐོ་ཞིག་གནང་ཡོད་པ་དང་ ཁོང་གིས་གསར་འགོད་ལྷན་ཚོགས་ཐོག་ གལ་ཏེ་འབྱུང་འགྱུར་གྱི་གཟའ་འཁོར་ཁ་ཤས་ནང་ བཙོན་པ་དེ་ཚོའི་གྲས་ཁ་ཤས་གློད་གྲོལ་བྱུང་བའི་ཡར་རྒྱས་ཀྱི་རྣམ་པ་ཞིག་མ་འབྱུང་ཚེ་ ངའི་བསམ་པར་སྲིད་འཛིན་མཆོག ཨོ་ལིམ་པིག་ཏུ་ཕེབས་རྒྱུ་མེད་ལ་ དེ་བཞིན་ཕྱི་སྲིད་དྲུང་ཆེ་ཡང་ཕེབས་རྒྱུ་ཡོད་པ་མ་རེད་ཅེས་གསུངས་འདུག

གྲོས་ཚོགས་ཀྱི་འཐུས་མི་གཉིས་ཀྱི་གནང་ཕྱོགས་ལ་རྒྱ་ནག་གཞུང་གིས་སྐྱོན་བརྗོད་ཞུས་ཡོད་ཅིང་ ཁོང་གཉིས་རྒྱ་ནག་གཞུང་གི་སྐུ་མགྲོན་གྱི་ངོ་བོའི་ཐོག་ནས་ནང་མོལ་གནང་ཆེད་ཕེབས་པ་ཞིག་ཡིན་པར་བརྟེན་ གནས་སྟངས་འདི་དང་མ་འཚམས་པའི་ཕྱག་ལས་གནང་པ་དེ་ནི་མ་འགྲིག་པ་ཞིག་རེད་ཅེས་ རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ལིའུ་ཅན་ཁྲའོས་གསར་འགོད་པ་ཚོར་བརྗོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎