ཨ་རིའི་གྲོས་ཚོགས་ནང་རྒྱ་ནག་ཐོག་གྲོས་འཆར་བཏོན་འདུག
2008.07.24
༄༅༎ཁ་ས་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ནང༌། རྒྱ་ནག་གིས་རང་དབང་དང་རྒྱབ་མདུན་ངོ་ལྐོག་མེད་པའི་ཨོ་ལིམ་པིག་རྩེད་འགྲན་གྱི་རྩ་འཛིན་སྒྲིག་སྲོལ་ལ་བརྩི་བཀུར་ཞུས་པའི་ཐོག་ནས་ འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་རྒྱུ་མཚམས་འཇོག་དང་ དེ་བཞིན་སུའུ་ཌའན་དང་འབར་མའི་ནང་གི་སྐྱོན་ཆ་ཆེ་བའི་སྲིད་གཞུང་ལ་རྒྱབ་སྐྱོར་བྱ་རྒྱུ་མཚམས་འཇོག་དགོས་པའི་གྲོས་གཞི་གྲོས་འཆར་ཞིག་བཏོན་གནང་འདུག
གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་དམངས་གཙོ་ཚོགས་པའི་དབུ་ཁྲིད་ ཧའོ་ལྦ་ཌི་ སྦར་མེན་ གྱིས་བཏོན་གནང་བའི་རྒྱ་ནག་ཐོག་གི་གྲོས་འཆར་དེའི་སྐོར་དེ་རིང་གྲོས་ཚོགས་ནང་གྲོས་བསྡུར་གནང་ནས་འོས་བསྡུ་གནང་སྲིད་པ་རེད།
དོན་ཚན་༡༢འཁོད་པའི་གྲོས་འཆར་དེའི་ནང་ སྲིད་འཛིན་སྦུ་ཤེ་མཆོག་ཟླ་བ་རྗེས་མ་པེ་ཅིང་ནང་ཨོ་ལིམ་པིག་འགྲན་ཚོགས་ཀྱི་འགོ་འབྱེད་མཛད་སྒོའི་ཐོག་ཕེབས་སྐབས་ རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་བཀའ་མོལ་ཤུགས་ཆེ་ཙམ་གསུང་དགོས་རྒྱུ་དང་ཆབ་སྲིད་བཙོན་པ་ཚོའི་ནང་མི་དང་ཐུག་འཕྲད་གནང་དགོས་རྒྱུའི་འབོད་སྐུལ་ཞུས་ཡོད་པ་མ་ཚད། སྲིད་འཛིན་མཆོག་ ད་རེས་རྒྱ་ནག་ལ་ཕེབས་གཞོར་ དཀའ་ངལ་ཆེ་བའི་བོད་དང་ཤར་ཏུར་ཀི་སི་ཐན་གྱི་ས་ཁུལ་ཁག་ནང་གཟིགས་སྐོར་གནང་བར་ཕེབས་དགོས་པའི་སྐུལ་མ་ཡང་ཞུས་ཡོད་པ་རེད། དེ་བཞིན་གྲོས་འཆར་དེའི་ནང་རྒྱ་ནག་གཞུང་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབར་ཐད་ཀར་གྲོས་མོལ་གནང་དགོས་རྒྱུའི་དགོས་འདུན་ཡང་བཏོན་གནང་འདུག།
ཁ་ས་གྲོས་ཚོགས་ཐོག་ རྒྱ་ནག་ནང་ཨོ་ལིམ་པིག་མ་ཚུགས་གོང་གི་གནས་ལུགས་གསན་ཞིབ་ཀྱི་ཚོགས་འདུའི་ཐོག གོང་ཞུས་གྲོས་འཆར་དེ་བཏོན་གནང་མཁན་གྲོས་ཚོགས་འཐུས་མི་སྐུ་ཞབས་ ཧའོ་ལྦ་ཌི་ སྦར་མེན་ གྱིས་ རྒྱ་ནག་གཞུང་གིས་རྩེད་འགྲན་མ་ཚུགས་གོང་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་བཟང་དུ་གཏང་རྒྱུའི་རེ་བ་བྱས་པ་དེ་ཚོ་དོན་འཁྱོལ་ཐུབ་པ་བྱུང་མེད་པའི་སྐོར་གསུངས་བཞག
ཨ་རིའི་གྲོས་ཚོགས་ཀྱིས་རྒྱ་ནག་ཐོག་བཏོན་གནང་བའི་གྲོས་འཆར་དེར་དེ་རིང་རྒྱ་ནག་གིས་འཕྲལ་དུ་སྐྱོན་བརྗོད་བྱས་ཡོད་ཅིང༌། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ ལིའུ་ཅན་ཁྲའོ་ ཡིས་ གྲོས་འཆར་དེ་ནི་ཨོ་ལིམ་པིག་རྩེད་འགྲན་གྱི་རྩ་དོན་དང་ཡོངས་སུ་འགལ་བ་ཞིག་ཡིན་པ་དང༌། ཨོ་ལིམ་པིག་དེ་བཞིན་ཆབ་སྲིད་ཀྱི་དོན་གནད་ཅིག་ལ་བསྒྱུར་ཐབས་བྱས་པ་དང་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱས་པའི་གནད་དོན་རིགས་ལ་རྒྱ་ནག་གིས་དུས་རྟག་ཏུ་ངོས་ལེན་བྱེད་ཀྱི་མེད་ཅེས་འགྲེལ་བརྗོད་བྱས་བཞག།