ཉི་ཧོང་དང་ཨ་མི་རི་ཀའི་འབྲེལ་ལམ་ཟབ་ཏུ་གཏོང་རྒྱུའི་སྐོར།
2009.09.18
༄༅༎ཉི་ཧོང་དང་ཨ་རིའི་དབར་འབྲེལ་ལམ་ཟབ་ཏུ་གཏོང་རྒྱུར་ཐུན་མོང་གི་མོས་མཐུན་བྱུང་ཡོད་པ་རེད། དེ་ཡང་ཉི་ཧོང་གི་གསར་དུ་བསྐོ་བཞག་བྱུང་བའི་ཕྱི་སྲིད་བློན་ཆེན་ནས་གཟའ་པ་སངས་ཉིན་ཨ་རིའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་དམིགས་བསལ་སྐུ་ཚབ་དང་བཀའ་མོལ་གནང་བའི་སྐབས་ཨ་རི་དང་ཉི་ཧོང་དབར་ད་དུང་ཡང་གནད་དོན་མང་པོ་ཞིག་ཐག་གཅོད་བྱ་རྒྱུ་ཡོད་པ་དང་ཡིན་ན་ཡང་ཉི་ཧོང་དང་ཨ་རིའི་དབར་གྱི་འབྲེལ་ལམ་ཟབ་ཏུ་གཏོང་རྒྱུར་དུས་ཡུན་རིང་ཐུང་ག་ཚོས་དགོས་མིན་ལ་མ་ལྟོས་པར་ལས་དོན་སྤེལ་རྒྱུའི་སྐོར་ཕྱོགས་གཉིས་ཀྱི་དཔོན་རིགས་དབར་མོས་མཐུན་བྱུང་བ་གསུངས་ཡོད་པ་རེད། ཉི་ཧོང་གི་ཕྱི་སྲིད་བློན་ཆེན་གསར་པ་ཀ་ཚུ་ཡ་ཨོ་ཀ་ཌ་མཆོག་དང་ཨ་རིའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་དམིགས་བསལ་སྐུ་ཚབ་ཀ་ཏི་ཁེམ་སྦེལ་རྣམ་གཉིས་དབར་གཟའ་པ་སངས་ཉིན་ཞིབ་ཕྲའི་གནད་དོན་ག་རེའི་ཐོག་གྲོས་མོལ་གནང་ཡོད་མིན་ད་ལྟའི་ཆར་ཤེས་རྟོགས་གསལ་པོ་མེད་ཀྱང་ཉི་ཧོང་གི་ཕྱི་སྲིད་བློན་ཆེན་ཨོ་ཀ་ཌ་ཡིས་ཨ་རི་དང་ཉི་ཧོང་དབར་གྱི་འབྲེལ་ལམ་ཟབ་ཏུ་གཏོང་རྒྱུར་རྒྱབ་སྐྱོར་གྱི་རྣམ་འགྱུར་བཏོན་གནང་ཡོད་པ་དང་ཆབས་ཅིག་ཁོང་གིས་ཉི་ཧོང་གི་ཨོ་ཀི་ན་ལྦ་གླིང་ཕྲན་ནང་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་རྟེན་གཞི་བྱས་པའི་ཨ་རིའི་དམག་མི་ཁྲི་ལྔ་ཙམ་ཡོད་པའི་གནད་དོན་ཐོག་བསྐྱར་ཞིབ་གནང་རྒྱུའི་སྐོར་གསུངས་ཡོད་པ་རེད། ཨ་རི་གཞུང་གིས་གླིང་ཕན་ཨོ་ཀི་ན་ལྦ་ནང་རྟེན་གཞི་བྱས་པའི་ཨ་རིའི་དམག་མི་བརྒྱད་སྟོང་ཙམ་ཕྱི་ལོ་ཉིས་སྟོང་བཅུ་བཞི་ལོར་ཨ་རིའི་མངའ་ཁོངས་ཡིན་པའི་ཞི་བདེ་རྒྱ་མཚོའི་གླིང་ཕན་གུཨམ་ནས་གནས་སྤོས་བྱ་རྒྱུའི་ཁས་ལེན་གནང་ཡོད་པ་རེད།