རྒྱ་གཞུང་དང་༸གོང་ས་མཆོག་བར་གྲོས་མོལ་ཡོང་བའི་འབོད་སྐུལ།
2009.09.11
༄༅༎ཨ་རི་གཞུང་གིས་བོད་ཀྱི་གནད་དོན་ཐོག་རྒྱ་ནག་གཞུང་དང་༸གོང་ས་ཏཱ་ལའི་བླ་མ་མཆོག་དབར་གྲོས་མོལ་གནང་རྒྱུའི་འབོད་སྐུལ་ཞུས་གནང་ཡོད་པ་རེད།
དེ་ཡང་ཕྱི་ཚེས་བཅུའི་ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་ཉིན་རེའི་གསར་འགོད་ལྷན་ཚོགས་ཐོག་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཨི་ཡེན་ཀེ་ལི་ཡིས་ཨ་རི་ཕྱོགས་ནས་བོད་ཀྱི་གནད་དོན་ཐོག་རྒྱ་ནག་དང་༸གོང་ས་ཏཱ་ལའི་བླ་མ་མཆོག་དབར་གྲོས་མོལ་གནང་དགོས་པའི་འབོད་སྐུལ་ཞུས་མུས་ཡིན་པ་གསུངས་བཞག་ལ་ད་དུང་མགྲིན་ཚབ་པ་ཨི་ཡེན་ཀེ་ལི་ཡིས་ང་ཚོས་ཏཱ་ལའི་བླ་མ་མཆོག་ལ་དད་གུས་ཚད་མེད་ཞུ་གི་ཡོད་ ཏཱ་ལའི་བླ་མ་མཆོག་ནི་འཛམ་གླིང་ཐོག་ཆོས་ཕྱོགས་ཀྱི་ཁྱད་དུ་འཕགས་པའི་དབུ་འཁྲིད་གྲས་ཤིག་ཡིན་པ་དང་ང་ཚོས་དུས་རྟག་ཏུ་རྒྱ་ནག་དང་ཏཱ་ལའི་བླ་མ་མཆོག་དབར་དང་དེ་བཞིན་ཁོང་གི་རྗེས་འཇུག་པ་ཚོའི་དབར་གྲོས་མོལ་གང་མང་གནང་ཐུབ་པའི་འབོད་སྐུལ་ཞུ་གི་ཡོད་པ་ཅེས་གསར་འགོད་པར་འགྲེལ་བརྗོད་གནང་འདུག གཞན་ཡང་གསར་འགོད་ལྷན་ཚོགས་དེའི་ཐོག་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་འཛམ་གླིང་ཡུལ་གྲུ་མང་པོ་ནས་ཕེབས་པའི་གསར་འགོད་པ་ཚོའི་འདྲི་བར་ལན་འདེབས་གནང་བའི་སྐབས་༸གོང་ས་ཏཱ་ལའི་བླ་མ་མཆོག་བོད་ལ་ཕྱིར་ལོག་གནང་རྒྱུའི་འབྲེལ་ཡོད་གནད་དོན་ཐོག་གི་འདྲི་བ་ཞིག་ལ་ལན་འདེབས་གནང་སྐབས་མགྲིན་ཚབ་པ་ཨི་ཡེན་ཀེ་ལི་ཡིས་ང་ཚོ་ཨ་རིའི་ཕྱོགས་ནས་ཏཱ་ལའི་བླ་མ་མཆོག་བོད་ལ་ཕྱིར་ཕེབས་གནང་རྒྱུའི་འཆར་གཞི་ཡོད་པའི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་མ་བྱུང་བས་དེར་བརྟེན་ངས་དེའི་ཐོག་གི་ང་ཚོའི་ལངས་ཕྱོགས་གང་ཡིན་ད་ལྟ་ལམ་སེང་དཔྱད་བརྗོད་བྱེད་མི་ཐུབ་པ་ཞིག་ཡིན་ཞེས་གསུངས་པ་དང་ཆབས་ཅིག་ཡིན་ན་ཡང་ང་ཚོས་ཕྱོགས་གཉིས་དབར་གྲོས་མོལ་གང་མང་གནང་རྒྱུའི་རེ་བ་དང་འབོད་སྐུལ་ཞུ་གི་ཡོད་ཅེས་གསུངས་འདུག