རྒྱ་གར་དང་ཨ་རིའི་འབྲེལ་ལམ་དམ་ཟབ་ཡིན་སྐོར།
2010.09.10
༄༅༎རྒྱ་གར་དུ་ཡོད་པའི་ཨ་མི་རི་ཀའི་གཞུང་ཚབ་པ་སྐུ་ཞབས་ཀྲི་མོ་ཐི་རོ་མར་མཆོག་གིས། ཨ་མི་རི་ཀའི་མངའ་སྡེ་ཨོ་ཧ་ཡོ་ཡིས་རྒྱ་གར་ལ་འཕྲུལ་རིག་ལས་ཀའི་འགན་གཙང་སྤྲད་པ་རྣམས་ད་ཆ་མཚམས་འཇོག་བྱས་པའི་གནད་དོན་གྱི་རྩོད་གཞི་དེ་ཡིས་རྒྱ་གར་དང་ཨ་རིའི་འབྲེལ་ལམ་ལ་དོ་ཕོག་འགྲོ་རྒྱུ་མིན་པ་གསུང་ཡོད་པ་རེད། ཨ་མི་རི་ཀའི་ཨོ་ཧ་ཡོ་མངའ་སྡེ་དེས་རང་ཉིད་ཀྱི་མངའ་སྡེའི་ནང་གི་ལས་མེད་ཀྱི་དཀའ་ངལ་སེལ་ཐབས་ཀྱི་ཆེད་དུ་མངའ་སྡེ་གཞུང་གི་འཕྲུལ་རིག་ཀྱི་ལས་ཀ་མང་པོ་ཞིག་དྲ་རྒྱའི་ཐོག་ནས་རྒྱ་གར་ལ་འགན་གཙང་དུ་སྤྲོད་སྲོལ་ཡོད་པའི་འཆར་གཞི་ཁག་མཚམས་འཇོག་བྱས་ཡོད་པ་དང༌། ཡིན་ནའང་དེ་རིང་སྐུ་ཞབས་ཀྲི་མོ་ཐི་ཡིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་གསར་འགོད་པར་བཀའ་མོལ་གནང་བའི་སྐབས། ཨ་རིའི་མངའ་སྡེ་ཨོ་ཧ་ཡོ་ཡི་བྱེད་བབ་སྣང་མེད་དུ་བཏང་སྟེ། འཛམ་གླིང་ནང་གི་དམངས་གཙོའི་རྒྱལ་ཁབ་ཆེ་ཤོས་རྒྱ་གར་དང་ཨ་རིའི་འབྲེལ་ལམ་ཉེ་བའི་ལོ་ཤས་ནང་ཡར་རྒྱས་ཕྱིན་པའི་རྗེས་ད་ཆ་ཕྱོགས་གཉིས་པོར་མེད་དུ་མི་རུང་བའི་འབྲེལ་ལམ་དམ་ཟབ་ཏུ་གྱུར་ཏེ། ཨ་རི་དང་རྒྱ་གར་གྱི་འབྲེལ་ལམ་འཆར་གཞི་གསར་པ་ཞིག་ཐོག་སླེབས་ཡོད་པའི་གནས་ཚུལ་གསུང་ཡོད་པ་རེད། དེ་ནི་ང་ཚོས་རྒྱ་གར་དང་ཨ་རི་གཉིས་ནི་འཇིགས་སྐུལ་རིང་ལུགས་པའི་ཐོག་ལ་རྒྱལ་སྤྱིའི་མཉམ་ལས་ཀྱི་འབྲེལ་ལམ་བྱེད་ཕྱོགས་དང་འཇིགས་སྐུལ་རིང་ལུགས་པར་གདོང་ལེན་བྱེད་ཕྱོགས་སྐོར་ལ་བཀའ་མོལ་གནང་གི་ཡོད། རྒྱ་གར་ནི་ད་སྔ་ཨ་མི་རི་ཀའི་བར་དུ་ཚོང་འབྲེལ་ཆེ་ཤོས་བྱེད་མཁན་གྱི་རྒྱལ་ཁབ་རིམ་པ་༢༡ནས་འདས་ཟིན་པའི་ལོ་ལྔ་དང་དྲུག་ནང་ལ་རིམ་པ་༡༤སླེབས་ཡོད་པའི་སྐོར་གསུང་ཡོད་པ་རེད། རེས་གཟའ་ཕུར་བུའི་ཉིན་རྒྱ་གར་གཞུང་གིས་ཟླ་བ་འདིའི་ཟླ་མཇུག་ཏུ་འདི་ག་ཨ་མི་རི་ཀའི་རྒྱལ་ས་ལྦ་ཤིང་ཀྲོན་དུ་ཚོགས་རྒྱུའི་ཆེས་མཐོའི་དཔོན་རིགས་ཀྱི་ཚོང་འབྲེལ་ལྷན་ཚོགས་ཐོག་ཨོ་ཧ་ཡོ་མངའ་སྡེས་རྒྱ་གར་ལ་འགན་གཙང་གི་ཚོིང་འབྲེལ་ཁག་མཚམས་འཇོག་བྱས་པའི་གནད་དོན་དངོས་སུ་ཨ་རི་གཞུང་ལ་གླེང་སློང་བྱ་རྒྱུའི་གསལ་བསྒྲགས་གནང་བའི་རྗེས། དེ་རིང་རྒྱ་གར་དུ་ཡོད་པའི་ཨ་རིའི་གཞུང་ཚབ་པ་སྐུ་ཞབས་ཀྲི་མོ་ཐི་ཡིས་ཨ་རི་དང་རྒྱ་གར་གྱི་འབྲེལ་ལམ་ཡག་པོ་ཡོད་པའི་བཀའ་མོལ་གསུང་པ་ཞིག་ཡིན་པ་རེད།